ལེའུ་བདུན་པ།
སོ་ལོ་མོན་གྱིས་ཕོ་བྲང་བཞེངས་པ།
སོ་ལོ་མོན་གྱིས་ལོ་བཅུ་གསུམ་གྱི་རིང་ལ་ཉིད་ཀྱི་ཕོ་བྲང་ཧྲིལ་པོ་བཞེངས་ནས་གྲུབ་ཅིང་། ལེ་པཱ་ནོན་གྱི་ནགས་ཚལ་ཟེར་བའི་གླིང་ཀ་ཡང་བཞེངས་པ་སྟེ། དེའི་རིང་ཚད་ལ་ཁྲུ་བརྒྱ་དང་། ཞེང་ལ་ཁྲུ་ལྔ་བཅུ་དང་། མཐོ་ཚད་ལ་ཁྲུ་སུམ་ཅུ་ཡོད་དེ། ཐང་ཤིང་གི་ཀ་བ་གྲལ་བཞི་ཡོད་ལ་དེ་དག་གི་སྟེང་དུ་ཐང་ཤིང་གི་གདུང་མ་བཀབ་པ་དང་། གྲལ་རེར་ཀ་བ་བཅོ་ལྔ་རེ་ཡོད་ལ་བསྡོམས་པས་ཀ་བ་བཞི་བཅུ་ཞེ་ལྔ་ཡོད་པ་ཡིན། ཀ་བའི་སྟེང་དུ་ཁང་ཆུང་ཡོད་ཅིང་དེ་རྣམས་ཐང་ཤིང་གི་གདུང་མས་བཀབ་པ་ཡིན། སྒེའུ་ཁུང་གི་སྒྲོམ་ནི་གྲལ་གསུམ་སྟེ། སྒེའུ་ཁུང་དང་སྒེའུ་ཁུང་ཁ་གཏད་དུ་ཡོད་ཅིང་། བསྡོམས་པས་རིམ་པ་གསུམ་ཡོད། སྒོ་དང་སྒེའུ་ཁུང་ཐམས་ཅད་ལ་སྒྲོམ་གྲུ་བཞི་མ་ཡོད་ཅིང་། སྒེའུ་ཁུང་རིམ་པ་གསུམ་ཡོད་པ་དང་སྒེའུ་ཁུང་དང་སྒེའུ་ཁུང་ཁ་གཏད་དུ་ཡོད། ཡང་ཀ་བ་དང་ལྡན་པའི་ཁྱམས་ར་རིང་ཚད་ལ་ཁྲུ་ལྔ་བཅུ་དང་། ཞེང་ལ་ཁྲུ་སུམ་ཅུ་ཡོད་པ་བཟོས་ཤིང་། དེའི་མདུན་དུ་བར་ཁྱམས་ཤིག་ཀྱང་ཡོད་ལ། དེའི་མདུན་ངོས་སུ་ཀ་བ་དང་མདའ་གཡབ་ཡོད། ལེགས་ཉེས་འབྱེད་པའི་ཕྱིར་རྒྱལ་ཁྲི་ཅན་གྱི་ཁྲིམས་ཐག་གཅོད་སའི་ཚོམས་ཁང་ཞིག་བཟོས་ནས། ཁོང་གིས་དེར་ཉེས་ཁྲིམས་གཅོད་པ་དང་། པང་གཅལ་ནས་ཐོག་ཕུབ་བར་དུ་ཐང་ཤིང་གིས་བཀབ་བོ། ། སོ་ལོ་མོན་བཞུགས་སའི་གཟིམ་ཆུང་ནི་ཚོམས་ཁང་རྒྱབ་ཀྱི་ར་སྐོར་གཞན་ཞིག་ཏུ་ཡོད་ལ། དེ་ཡང་དེ་བཞིན་དུ་བཟོས། ཡང་ཁོང་གིས་ཆུང་མར་བཞེས་པའི་རྒྱལ་པོ་ཕཱར་ཨོལ་གྱི་སྲས་མོའི་ཕྱིར་དུ་ཚོམས་ཁང་དེ་དང་འདྲ་བའི་གླིང་ཀ་ཞིག་ཀྱང་བཞེངས་སོ། ། དེ་ཐམས་ཅད་རྨང་གཞི་ནས་མདའ་གཡབ་དང་། ཕྱི་ར་ནས་མཁར་ར་ཆེན་པོའི་བར་དུ། ཚད་དང་རན་པར་བརྐོས་ཤིང་ཕྱི་ནང་གཉིས་སུ་སོག་ལེས་གཤགས་པའི་རྡོ་རིན་ཐང་ཅན་གྱིས་བཞེངས་སོ། ། 10 རྩིག་རྨང་ནི་རྡོ་གཏོས་ཆེན་རིན་ཐང་ཅན་ཏེ། རིང་ཚད་ལ་ཁྲུ་བཅུ་ཅན་དང་ཁྲུ་བརྒྱད་ཅན་གྱིས་བྱས་སོ། ། 11 དེའི་སྟེང་དུ་ཚད་དང་རན་པར་བརྐོས་པའི་རྡོ་རིན་ཐང་ཅན་དང་ཐང་ཤིང་ཡོད་དེ། 12 མཁར་ར་ཆེན་པོའི་མཐའ་འཁོར་དུ་གཤགས་བཟོ་བྱས་པའི་རྡོ་རིམ་པ་གསུམ་དང་། ཐང་ཤིང་གི་གདུང་མ་རིམ་པ་གཅིག་ཡོད་ལ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཁྱམས་ར་ནང་མ་དང་། མཆོད་ཁང་གི་སྒོ་གཡབ་བཞིན་དུ་བཞེངས་སོ། །
མཆོད་ཁང་གི་རྒྱན་བཟོ།
13 དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་ཐཱར་ཞེས་པའི་ཡུལ་ནས་ཧུ་རཱམ་འབོད་དུ་བཏང་ངོ་། ། 14 དེ་ནི་ནཱབ་ཐ་ལི་ཞེས་པའི་ཚོ་པའི་ཡུགས་མོ་ཞིག་གི་བུ་ཡིན་ཏེ། ཁོའི་ཕ་ནི་ཐཱར་ཞེས་པའི་ཡུལ་གྱི་མི་སྟེ་ལི་བཟོ་མཁན་ཞིག་ཡིན། ལི་ཡིས་དངོས་པོ་སྣ་ཚོགས་བཟོ་ནུས་པའི་ཤེས་རབ་དང་བློ་གྲོས། ལག་རྩལ་བཅས་ཀྱིས་ཁྱབ་པ་ཞིག་ཡིན། ཁོ་རྒྱལ་པོ་སོ་ལོ་མོན་གྱི་དྲུང་དུ་འོངས་ནས་དེའི་ལས་ཀ་ཐམས་ཅད་བྱས་པའོ། །
15 ཁོས་ལི་ཡིས་ཁྲུ་བཅོ་བརྒྱད་ཅན་གྱི་ཀ་བ་གཉིས་བླུགས་ནས། རེ་རེའི་སྒོར་མཐའ་ཁྲུ་བཅུ་གཉིས་བྱས་སོ། ། 16 ཡང་ཁོས་ཀ་བའི་མགོ་ལ་འཇོག་པའི་ཕྱིར། ལི་བླུགས་མའི་ཀ་གཞུ་གཉིས་བཟོས་ཏེ། ཀ་གཞུ་གཅིག་གི་མཐོ་ཚད་ལ་ཁྲུ་ལྔ་དང་། ཀ་གཞུ་ཅིག་ཤོས་དེའི་མཐོ་ཚད་ལ་ཡང་ཁྲུ་ལྔ་ཡོད་པའོ། ། 17 ཡང་ཀ་བའི་མགོ་རུ་ཡོད་པའི་ཀ་གཞུ་གཉིས་ཀྱི་ཕྱིར། ཁྲ་མིག་ཅན་གྱི་དྲ་བ་དང་། ཉག་ཐག་ལྷས་མ་བཟོས་ཤིང་། ཀ་གཞུ་གཅིག་ལ་བདུན་དང་། ཀ་གཞུ་ཅིག་ཤོས་དེར་ཡང་བདུན་ཡོད་དོ། ། 18 ཁོས་ཡང་སེ་འབྲུ་ཕྲེང་ཤར་གཉིས་བཟོས་ནས་ཀ་བའི་མགོ་དང་ཀ་གཞུའི་དྲ་བར་བསྐོར་ཅིང་། ཀ་གཞུ་གཉིས་ཀ་དེ་བཞིན་ཡིན་ནོ། ། 19 ཁྱམས་རའི་ཀ་བ་རྣམས་ཀྱི་རྩེ་མོ་ནི་ཁྲུ་བཞི་ཅན་གྱི་མེ་ཏོག་ཀུ་མུད་ཀྱི་དབྱིབས་ལྟར་བཏོན་ཏེ། 20 ཀ་གཞུ་ནི་ཀ་བ་གཉིས་ཀྱི་ཀླད་དུ་བརྒྱངས་པ་དང་དེ་གཉིས་ཀྱི་འབུར་རིས་སྟེང་དང་དྲ་བའི་འཁྲིས་སུ། སོ་སོར་སེ་འབྲུ་ཕྲེང་ཤར་གཉིས་རེ་ཡོད་ལ་བསྡོམས་པས་སེ་འབྲུ་ཉིས་བརྒྱ་ཡིས་བསྐོར་བར་བྱས་སོ། ། 21 དེ་ནས་ཁོས་ཀ་བ་དེ་གཉིས་ཚོམས་ཁང་གི་སྒོ་ཁྱམས་མདུན་དུ་བཙུགས་ཏེ། ཀ་བ་གཅིག་མཆོད་ཁང་གི་གཡས་ཕྱོགས་སུ་བསླངས་ནས་མིང་དུ་ཡཱ་ཀིན་ཞེས་བཏགས་ཤིང་། ཀ་བ་ཅིག་ཤོས་དེ་གཡོན་ཕྱོགས་སུ་བསླངས་ནས་མིང་དུ་པཱོ་ཨ་ཟི་ *ཞེས་བཏགས་སོ། ། 22 ཀ་བ་གཉིས་ཀྱི་སྟེང་ལ་མེ་ཏོག་ཀུ་མུད་ཀྱི་དབྱིབས་བཏོན་ཏེ། ཀ་བའི་ལས་ཀ་འགྲུབ་པར་བྱས་སོ། །
23 ཡང་ཁོས་ལི་ཡི་རྒྱ་མཚོ་ཆེན་པོ་ཞིག་བཟོས་པ་དེའི་དབྱིབས་ཟླུམ་པོ་ཡིན། ཁའི་ཚངས་ཐིག་ལ་ཁྲུ་བཅུ་དང་། མཐོ་ཚད་ལ་ཁྲུ་ལྔ་དང་། སྒོར་མཐའི་རིང་ཚད་ལ་ཁྲུ་སུམ་ཅུ་དང་། 24 དེའི་སྐེད་ཀྱི་མཐའ་སྐོར་དུ་ཁྲུ་གཅིག་རེར་ཀུ་བའི་རི་མོ་བཅུ་རེ་བྱས་ཏེ་ལི་ཡི་རྒྱ་མཚོ་དེ་བསྐོར་ཏོ། །ལི་ཡི་རྒྱ་མཚོ་བླུགས་བཟོ་བྱེད་སྐབས་སུ་ཀུ་བ་རྣམས་ཕྲེང་ཤར་གཉིས་སུ་བཟོས་པ་ཡིན། 25 ལི་ཡི་རྒྱ་མཚོ་དེ་གླང་བཅུ་གཉིས་ཀྱི་སྟེང་དུ་བཀལ་ཞིང་། གླང་གསུམ་ནི་བྱང་ཕྱོགས་དང་། གླང་གསུམ་ནི་ནུབ་ཕྱོགས་དང་། གླང་གསུམ་ནི་ལྷོ་ཕྱོགས་དང་། གླང་གསུམ་ནི་ཤར་ཕྱོགས་སུ་འཁོར་བར་བྱས། གླང་དེ་དག་གི་ཁོག་སྨད་ནི་ནང་ལ་ཕྱོགས་ཡོད་དོ། ། 26 ལི་ཡི་རྒྱ་མཚོའི་སྲབ་མཐུག་ནི་སོར་བཞི་དང་། དེའི་མཐའ་ནི་ཕོར་བའི་མཐའ་འམ་མེ་ཏོག་ཀུ་མུད་དང་མཚུངས་ཏེ། དེའི་ནང་དུ་ཆུ་བེན་ཉིས་སྟོང་ ཤོང་ངོ་། །
27 ཡང་རིང་ཚད་ལ་ཁྲུ་བཞི་དང་། ཞེང་ལ་ཁྲུ་བཞི་དང་། མཐོ་ཚད་ལ་ཁྲུ་གསུམ་ཡོད་པའི་བསྒུལ་བསྐྱོད་སྟེགས་བུ་བཅུ་ལི་ཡིས་བཟོས་ཏེ། 28 ཡང་སྟེགས་བུའི་བཟོ་སྟངས་ནི་འདི་ལྟ་སྟེ། སྟེགས་བུ་རྣམས་ལ་ངོས་བཞི་ཡོད་ཅིང་ཟུར་རེ་རེ་སྒྲོམ་བུ་དང་སྦྲེལ་ཏོ། ། 29 སྒྲོམ་བུ་རྣམས་ཀྱི་བར་ལ་ཡོད་པའི་ངོས་རེ་རེར་སེང་གེ་དང་། གླང་དང་། ཀེ་རུབ་བཅས་ཀྱི་གཟུགས་བརྐོས་སོ། །སྒྲོམ་བུ་རྣམས་ཀྱི་སྟེང་དུ་སྟེགས་བུ་ཡོད་ལ། སེང་གེ་དང་གླང་གི་སྟེང་འོག་གཉིས་སུ་མེ་ཏོག་གི་གཟུགས་རིས་ཕབ་ཡོད་པ་ཡིན། 30 ཡང་སྟེགས་བུ་རེ་ལ་ལི་ཡི་འཁོར་ལོ་དང་འཁོར་རྟེན་བཞི་རེ་ཡོད་པ་དང་། སྟེགས་བུ་འོག་གི་སུག་པ་བཞི་པོར་འདེགས་རྐང་བླུགས་མ་ཡོད་པ་དང་། ངོས་རེ་རེར་མེ་ཏོག་གི་གཟུགས་རིས་ཕབ་ཡོད་དོ། ། 31 སྟེགས་བུའི་ཁ་ནི་ནང་ནས་མགོ་བར་དུ་ཁྲུ་གང་ཡོད་ཅིང་། དེའི་དབྱིབས་ཟླུམ་པོ་ཡིན་ལ། སྒྲོམ་བུ་སྟེང་གི་སྟེགས་བུ་དེའི་དབྱིབས་ལྟར་ཚངས་ཐིག་ལ་ཁྲུ་གཅིག་དང་ཕྱེད་ཀ་ཡོད། དེའི་ངོས་སུ་བརྐོས་རིས་ཡོད་པ་དང་། སྟེགས་བུའི་ངོས་རྣམས་གྲུ་བཞི་ཡིན་པ་ལས་ཟླུམ་པོ་མིན་ནོ། ། 32 ཡང་སྟེགས་བུའི་འཁོར་ལོ་བཞི་པོ་ནི་ངོས་བཞི་པོའི་འོག་ཏུ་ཡོད་པ་དང་། འཁོར་ལོའི་འཁོར་རྟེན་རྣམས་སྟེགས་བུ་དང་མུ་འབྲེལ་དུ་བཟོས་ཏེ། འཁོར་ལོ་རེའི་མཐོ་ཚད་ལ་ཁྲུ་གཅིག་དང་ཕྱེད་ཀ་ཡོད། 33 འཁོར་ལོ་རྣམས་ཀྱི་བཟོ་ལུགས་ནི་ཤིང་རྟའི་འཁོར་ལོའི་བཟོ་ལུགས་དང་འདྲ་སྟེ། དེའི་འཁོར་རྟེན་དང་། འཁོར་རྩིབས་དང་། འཁོར་ལོ་དང་། ལྟེ་བ་རྣམས་ལི་ཡིས་བླུགས་པའོ། ། 34 སྟེགས་བུ་རེ་རེའི་ཟུར་བཞི་པོར་འདེགས་རྐང་རེ་ཡོད་པ་དང་། དེ་རྣམས་ནི་སྟེགས་བུ་དང་ལྷན་དུ་བླུགས་པ་ཡིན། 35 ཡང་སྟེགས་བུའི་ཁར་མཐོ་ཚད་ལ་ཁྲུ་ཕྱེད་ཅན་གྱི་ཟླུམ་གོར་ཞིག་ཡོད་པ་དང་། འདེགས་རྐང་དང་ངོས་རྣམས་ཀྱང་སྟེགས་བུ་དང་ལྷན་དུ་བླུགས་པ་ཡིན། 36 འདེགས་རྐང་དང་ངོས་རྣམས་སུ་ཀེ་རུབ་དང་། སེང་གེ་དང་། ཏ་ལའི་ལྗོན་ཤིང་སོགས་ཀྱི་གཟུགས་རིས་བརྐོས་ཤིང་། ཡང་སྟོང་ཆ་རྣམས་སུ་མེ་ཏོག་ཕྲེང་བའི་གཟུགས་ཀྱིས་བསྐོར་ཡོད་དོ། ། 37 སྟེགས་བུ་བཅུ་པོའི་བཟོ་ལུགས་དེ་ལྟར་ཡིན་ཞིང་། དེ་ཐམས་ཅད་ཀྱི་བླུག་སྟངས་དང་ཚད་དང་དབྱིབས་སོགས་གྲུབ་ཚུལ་གཅིག་པ་ཡིན།
38 ཡང་ཁོས་ལི་ཡིས་ཁྲུས་གཞོང་བཅུ་བཟོས་ཏེ། ཁྲུས་གཞོང་རེའི་ནང་དུ་ཆུ་བེན་བཞི་བཅུ་ཤོང་ངོ་། །ཁྲུས་གཞོང་རེའི་ཚངས་ཐིག་ཏུ་ཁྲུ་བཞི་དང་། སྟེགས་བུ་བཅུ་ཡི་ཁར་ཁྲུས་གཞོང་རེ་རེ་བཞག་གོ །
39 ཁོས་སྟེགས་བུ་ལྔ་ནི་མཆོད་ཁང་གི་ལྷོ་ཕྱོགས་དང་། སྟེགས་བུ་ལྔ་བྱང་ཕྱོགས་སུ་བཞག་སྟེ། ཡང་ལི་ཡི་རྒྱ་མཚོ་ཆེན་པོ་དེ་མཆོད་ཁང་གི་ལྷོ་ཕྱོགས་ཏེ་ཤར་ལྷོའི་གྲུ་ཟུར་དང་ཉེ་སར་བཞག་གོ །
40 ཡང་ཧུ་རཱམ་གྱིས་གཞོང་བ་དང་། མེ་ཁྱེམ་དང་། ཕོར་བ་རྣམས་བཟོས་ཤིང་། དེ་བཞིན་རྒྱལ་པོ་སོ་ལོ་མོན་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཕྱིར་ལས་ཀ་ཐམས་ཅད་འགྲུབ་པར་བྱས་སོ། ། 41 དེ་རྣམས་གང་ཡིན་ཞེ་ན། ཀ་བ་གཉིས་དང་དེའི་སྟེང་གི་ཕོར་བའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་དང་། ཀ་བ་སྟེང་གི་ཕོར་བའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་ཀ་སྒྲིབ་པའི་དྲ་བ་གཉིས་དང་། 42 དྲ་བ་གཉིས་ཀྱི་ཕྱིར་དུ་སེ་འབྲུ་བཞི་བརྒྱ་སྟེ། དྲ་བ་རེ་རེའི་སྟེང་དུ་སེ་འབྲུ་ཕྲེང་ཤར་གཉིས་རེ་ཡོད་ལ། ཀ་བའི་སྟེང་གི་ཕོར་བའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་ཀ་བསྒྲིབས་པའོ། ། 43 སྟེགས་བུ་བཅུ་དང་སྟེགས་བུ་སྟེང་གི་ལི་ཡི་ཁྲུས་གཞོང་བཅུ། 44 ལི་ཡི་རྒྱ་མཚོ་གཅིག་དང་དེའི་འོག་གི་གླང་བཅུ་གཉིས། 45 སླ་ང་དང་། མེ་ཁྱེམ་དང་། གཞོང་བ་བཅས་སོ། །ཧུ་རཱམ་གྱིས་རྒྱལ་པོ་སོ་ལོ་མོན་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཆེད་དུ་བཟོས་པའི་ཡོ་བྱད་ཐམས་ཅད་འོད་འཚེར་བའི་ལི་ཡིས་བྱས་སོ། ། 46 རྒྱལ་པོས་དེ་རྣམས་ཡོར་དན་གྱི་བདེ་ཐང་དུ། སོའུ་ཀོད་དང་ཟར་ཐན་གཉིས་ཀྱི་བར་ལ་རྫ་ཀོང་ནང་དུ་བླུགས་པ་ཡིན། 47 ཡོ་བྱད་རྣམས་མང་དྲགས་པའི་རྐྱེན་གྱིས། རྒྱལ་པོ་སོ་ལོ་མོན་གྱིས་ལི་ཡི་ལྗིད་ཚད་ལ་མ་བརྟགས་སོ། ། 48 ཡང་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་གི་ཡོ་བྱད་ཐམས་ཅད་བཟོས་པ་སྟེ། གསེར་གྱི་མཆོད་ཁྲི་དང་། སྤྱན་བསྟར་བག་ལེབ་བཤམ་སའི་གསེར་གྱི་སྒྲོག་ཙེ་དང་། 49 མཆོད་ཁང་སྦུག་མའི་མདུན་དུ་ཡོད་པའི་གསེར་བཙོ་མའི་སྒྲོན་སྟེགས་ནི། གཡས་ཕྱོགས་སུ་ཕྲེང་ཤར་ལྔ་དང་། གཡོན་ཕྱོགས་སུ་ཕྲེང་ཤར་ལྔ། གསེར་གྱི་མེ་ཏོག་གི་དབྱིབས་ཚུགས་རྣམས་དང་སྒྲོན་མེ་རྣམས། སྐམ་ཆུང་རྣམས། 50 གསེར་བཙོ་མའི་དཀར་ཡོལ་རྣམས་དང་། སྡོང་རས་གཅོད་བྱེད་སྐམ་ཆུང་དང་། མེ་ཕོར་དང་། ཁེམ་བུ་དང་། མེ་གཞོང་བཅས་བཟོས་སོ། །མཆོད་ཁང་སྦུག་མའམ་གནས་དམ་མཆོག་གི་སྒོ་རུ་དང་། ཚོམས་ཁང་གི་སྒོ་ལྕིབས་རྣམས་ཀྱང་གསེར་ལས་བཟོས་སོ། །
51 དེ་བཞིན་རྒྱལ་པོ་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ལས་ཀ་ཐམས་ཅད་བསྒྲུབས་ཚར་བ་དང་། རང་གི་ཡབ་དཱ་བིད་ཀྱིས་དམ་པར་བསྔོས་པའི་གསེར་དངུལ་དང་། སྣོད་ཆས་ཐམས་ཅད་བསྐྱལ་འོངས་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་དཀོར་མཛོད་ནང་དུ་བཅུག་གོ །
* ལེའུ་བདུན་པ།:21 ཚིག་རྐང་འདིའི་ནང་གི་ཡཱ་ཀིན་དང་པཱོ་ཨ་ཟི་ཞེས་པའི་མིང་ནི་ཨིབ་རིའི་སྐད་ལས་སྒྲ་བསྒྱུར་བྱས་པ་ཡིན་ཞིང་། ཡཱ་ཀིན་གྱི་དོན་ནི་བརྟན་པོ་དང་། པཱོ་ཨ་ཟི་ཡི་དོན་ནི་སྟོབས་ལྡན་ལ་འཇུག་གོ ། ལེའུ་བདུན་པ།:26 མ་ཕྱི་ལས་པཱད་ཉིས་སྟོང་ཞེས་བྲིས་ཡོད་ལ། པཱད་ཅེས་པ་ནི་གནའ་བོའི་ཡ་ཧུ་དཱ་པའི་སྲོལ་རྒྱུན་གྱི་གཤེར་རྫས་འཇལ་བྱེད་ཅིག་ཡིན་ཏེ་ཆུ་བེན་དང་མཚུངས་ལ། པཱད་གཅིག་ནི་སྤྱི་བྲེ་ཉི་ཤུ་ཙམ་ཡིན་པར་གསུངས།