ལེའུ་གཉིས་པ།
ཨེ་ལི་ཡཱ་ནམ་མཁའི་ཞིང་ཁམས་སུ་དྲངས་པ།
1 དཀོན་མཆོག་ཡ་ཝཱེས་ཨེ་ལི་ཡཱ་ནི་རླུང་འཚུབ་བརྒྱུད་ནས་ནམ་མཁའི་ཞིང་ཁམས་སུ་འདྲེན་པའི་ཚེ་ན། ཨེ་ལི་ཡཱ་དང་ཨེ་ལི་ཤཱ་གཉིས་མཉམ་དུ་གིལ་གལ་ནས་ཆས་པའི་ལམ་དུ་ཡོད་པ་དང་།
2 ཨེ་ལི་ཡཱས་ཨེ་ལི་ཤཱ་ལ། དཀོན་མཆོག་ཡ་ཝཱེས་བདག་པེད་ཨེལ་དུ་མངགས་པས། ཁྱོད་རང་འདི་ནས་བཞུགས་རོགས་ཞེས་བསྒོས་ཀྱང་། ཨེ་ལི་ཤཱས་ཁོང་ལ། བདག་གིས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དང་ཁྱེད་ཀྱི་ཚེ་སྲོག་གཉིས་ཀ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ང་ནི་ཅིས་ཀྱང་ཁྱེད་དང་འབྲལ་བར་མི་བྱའོ་ཞེས་ཞུས་པས། ཁོང་གཉིས་མར་པེད་ཨེལ་དུ་ཕྱིན་ཏོ། །
3 ཡང་པེད་ཨེལ་དུ་ཡོད་པའི་ལུང་སྟོན་པ་ཚོའི་སློབ་བུ་རྣམས་ཐོན་ཏེ། ཨེ་ལི་ཤཱའི་དྲུང་དུ་འོངས་ནས་ཁོང་ལ། དཀོན་མཆོག་ཡ་ཝཱེས་དེ་རིང་ཁྱེད་ཀྱི་སློབ་དཔོན་ནི་ཁྱེད་ཀྱི་གམ་ནས་འཁྱེར་བར་མཛད་པ་ཤེས་ཡོད་དམ་ཞེས་དྲིས་པར། ཁོང་ན་རེ། ངས་དེ་ཤེས་ཡོད། ཁྱོད་རྣམས་ཁ་རོག་སྡོད་ཅིག་ཅེས་གསུངས་སོ། །
4 དེ་ཡང་ཨེ་ལི་ཡཱས་ཁོང་ལ། ཀྱེ་ཨེ་ལི་ཤཱ། དཀོན་མཆོག་ཡ་ཝཱེས་བདག་ཡེ་རུ་ཀོ་རུ་མངགས་པས། ཁྱོད་རང་འདི་ནས་བཞུགས་རོགས་ཞེས་བསྒོས་ཀྱང་། ཨེ་ལི་ཤཱས་ཁོང་ལ། བདག་གིས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དང་ཁྱེད་ཀྱི་ཚེ་སྲོག་གཉིས་ཀ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ང་ནི་ཅིས་ཀྱང་ཁྱེད་དང་འབྲལ་བར་མི་བྱའོ་ཞེས་ཞུས་པས་ཁོང་གཉིས་ཡེ་རུ་ཀོ་རུ་ཕྱིན།
5 ཡེ་རུ་ཀོ་ལ་ཡོད་པའི་ལུང་སྟོན་པ་ཚོའི་སློབ་བུ་རྣམས་ཨེ་ལི་ཤཱའི་དྲུང་དུ་འོངས་ནས་ཁོང་ལ། དཀོན་མཆོག་ཡ་ཝཱེས་དེ་རིང་ཁྱེད་ཀྱི་སློབ་དཔོན་ནི་ཁྱེད་ཀྱི་གམ་ནས་འཁྱེར་བར་མཛད་པ་ཤེས་ཡོད་དམ་ཞེས་དྲིས་པར། ཁོང་ན་རེ། ངས་དེ་ཤེས་ཡོད། ཁྱོད་རྣམས་ཁ་རོག་སྡོད་ཅིག་ཅེས་སྨྲས་སོ། །
6 དེ་ནས་ཡང་ཨེ་ལི་ཡཱས་ཁོང་ལ། དཀོན་མཆོག་ཡ་ཝཱེས་བདག་ཡོར་དན་གཙང་པོར་མངགས་པས། ཁྱོད་རང་འདི་ནས་བཞུགས་རོགས་ཞེས་བསྒོས་ཀྱང་། ཨེ་ལི་ཤཱས་ཁོང་ལ། བདག་གིས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དང་ཁྱེད་ཀྱི་ཚེ་སྲོག་གཉིས་ཀ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ང་ནི་ཅིས་ཀྱང་ཁྱེད་དང་འབྲལ་བར་མི་བྱའོ་ཞེས་ཞུས་པས་ཁོང་གཉིས་མཉམ་དུ་ཆས་པ་ལ།
7 ལུང་སྟོན་པ་ཚོའི་སློབ་བུ་རྣམས་ལས་མི་ལྔ་བཅུ་འོངས་ཏེ་ཁོང་གཉིས་དང་རྒྱང་རིང་ནས་ཁ་གཏད་དུ་ལངས་བསྡད་ཅིང་། ཁོང་གཉིས་ནི་ཡོར་དན་གཙང་པོའི་འགྲམ་དུ་ལངས་ནས་བསྡད།
8 ཨེ་ལི་ཡཱས་རང་གི་ཕྱི་གོས་བླངས་ནས་བལྟབས་ཏེ་ཆུ་ལ་བརྒྱབ་པ་ན། ཆུ་དེ་ཡར་མར་ཁག་གཉིས་སུ་གྱེས་སོང་བས་ཁོང་གཉིས་སྐམ་སའི་སྟེང་ནས་ཕ་རོལ་ཏུ་ཕྱིན་ཏོ། །
9 དེར་ཁོང་གཉིས་ཕ་རོལ་ཏུ་ཕྱིན་རྗེས། ཨེ་ལི་ཡཱས་ཨེ་ལི་ཤཱ་ལ། ང་རང་ཁྱོད་དང་ཕྲལ་ནས་ཡར་མ་དྲངས་གོང་དུ་བདག་ལས་ཅི་འདོད་པ་དེ་ཞུ་བར་གྱིས་ཤིག་ཅེས་བསྒོས་པར། ཨེ་ལི་ཤཱ་ན་རེ། ཁྱེད་ཀྱིས་ཉིད་ཀྱི་ཐུགས་ཉིད་ནི་ལྡབ་འགྱུར་གྱིས་ང་ལ་གནང་བར་མཛོད་ཅེས་གསོལ་བ་དང་།
10 ཨེ་ལི་ཡཱས་འདི་སྐད་དུ། ཁྱོད་ཀྱིས་བསྒྲུབ་དཀའ་བའི་དོན་ཞིག་ཞུས་བྱུང་། གལ་ཏེ་ཁྱོད་ཀྱིས་ང་རང་ཁྱོད་དང་འཕྲལ་བ་དེ་མཐོང་བར་གྱུར་ན་དེ་བཞིན་དུ་འཐོབ་པར་འགྱུར་གྱི། གལ་ཏེ་མཐོང་བར་མ་གྱུར་ན། དེ་བཞིན་དུ་འཐོབ་པར་མི་འགྱུར་ཞེས་གསུངས་སོ། །
11 དེ་ནས་ཁོང་གཉིས་གླེང་མོལ་བྱས་ནས་འགྲོ་བཞིན་པའི་སྐབས་སུ། ཀྱེ་ཧོ། མེའི་ཤིང་རྟ་འཁོར་ལོ་དང་མེའི་རྟ་རྣམས་ཀྱིས་ཁོ་གཉིས་སོ་སོར་ཕྲལ་ཏེ། ཨེ་ལི་ཡཱ་ནི་རླུང་འཚུབ་ཁྲོད་དུ་ནམ་མཁའི་ཞིང་ཁམས་སུ་དྲངས་པ་ལ།
12 ཨེ་ལི་ཤཱས་དེ་མཐོང་ནས་སྐད་ཆེན་པོས། ངའི་ཡབ་ལགས། ངའི་ཡབ་ལགས། ཡེས་ར་ཨེལ་གྱི་དམག་འཐབ་ཤིང་རྟ་དང་སྐྱ་དམག་རྣམས་ཞེས་བོས་ན་ཡང་། ཁོས་ནི་ཨེ་ལི་ཡཱ་སླར་མཐོང་བར་མ་གྱུར་པ་དང་། རང་གི་གོས་དུམ་བུ་གཉིས་སུ་གཤགས་སོ། །
13 དེ་ནས་ཁོས་ཨེ་ལི་ཡཱ་ལས་ལྷུང་བའི་ཕྱི་གོས་དེ་བླངས་ནས་ཕྱིར་ལོག་ཅིང་ཡོར་དན་གཙང་པོའི་འགྲམ་དུ་ལངས་བསྡད་པ་དང་།
14 ཨེ་ལི་ཡཱ་ལས་ལྷུང་བའི་ཕྱི་གོས་དེ་ཁྱེར་ནས་ཆུ་ལ་བརྡེགས་ཤིང་། ཨེ་ལི་ཡཱའི་དཀོན་མཆོག་ཡ་ཝཱེ་གང་དུ་བཞུགས་སམ་ཞེས་སྨྲས་པ་དང་ཆུ་ལ་བརྡེགས་པའི་ཚེ། ཆུ་དེ་ཁག་གཉིས་སུ་གྱེས་ནས་ཨེ་ལི་ཤཱ་ཕ་རོལ་ཏུ་ཕྱིན་ཏོ། །
ཨེ་ལི་ཤཱ་བྱ་བ་ཨེ་ལི་ཡཱའི་རྒྱུན་འཛིན་དུ་གྱུར་པ།
15 དེ་ཡང་ཡེ་རུ་ཀོ་རུ་ཡོད་པའི་ལུང་སྟོན་པའི་སློབ་བུ་རྣམས་ཀྱིས་དེ་ལྟར་འབྱུང་བ་ཕར་ཕྱོགས་ནས་མཐོང་བས། དེ་དག་གིས་ཨེ་ལི་ཡཱའི་ཐུགས་ཉིད་ནི་ཨེ་ལི་ཤཱའི་སྟེང་དུ་བབས་པ་ཡིན་ནོ་ཞེས་སྨྲས་ནས་བསུ་རུ་ཕྱིན་ཏེ་ཁོང་གི་དྲུང་དུ་ལུས་སར་བཏུད་ནས་ཕྱག་འཚལ་བཞིན་ན་རེ།
16 དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ཀྱིས་ཁྱེད་ཀྱི་སློབ་དཔོན་ཡར་ཁྱེར་ནས་རི་ཞིག་གམ་ལུང་པ་ཞིག་ཏུ་བསྐྱུར་ཡང་སྲིད། གཟིགས་དང་། འདིར་ཁྱེད་ཀྱི་ཞབས་ཕྱིའི་ནང་དུ་མི་སྟོབས་ཅན་ལྔ་བཅུ་ཡོད་པས། དེ་དག་ཁོང་འཚོལ་དུ་འགྲོ་བར་གནོངས་ཤིག་ཅེས་ཞུས་པར། ཁོང་གིས་མི་སུ་ཡང་མ་མངགས་ཤིག་ཅེས་བསྒོས་ཀྱང་།
17 དེ་དག་གིས་ནན་གྱིས་ཞུས་པ་ལ། ཁོང་ངོ་ཟློག་པར་ནོངས་ནས་ཐོངས་ཤིག་ཅེས་བསྒོས་ཤིང་། དེ་དག་གིས་མི་ལྔ་བཅུ་མངགས་པ་དང་། དེ་རྣམས་ཀྱིས་ཉིན་གསུམ་གྱི་རིང་དུ་བཙལ་ཡང་མ་རྙེད་དོ། །
18 དེ་དག་ཕྱིར་ཨེ་ལི་ཤཱའི་གམ་དུ་ལོག་ཅིང་སྐབས་དེར་ཁོང་ཉིད་ད་དུང་ཡེ་རུ་ཀོར་བསྡད་ཡོད་པ་དང་། ཁོང་གིས་དེ་དག་ལ། ངས་ཁྱོད་ཅག་ལ་མ་འགྲོ་ཞེས་སྨྲས་པ་མ་ཡིན་ནམ་ཞེས་གསུངས་སོ། །
19 ཡང་གྲོང་ཁྱེར་དེའི་མི་རྣམས་ཀྱིས་ཨེ་ལི་ཤཱ་ལ། བདག་ཅག་གི་ཇོ་བོ་ལགས། གཟིགས་དང་། བདག་ཅག་གི་ཇོ་བོ་ཁྱེད་ཉིད་ཀྱིས་གཟིགས་པ་ལྟར་གྲོང་ཁྱེར་འདི་ཆགས་སའི་ཡུལ་ནི་ལེགས་ནའང་ཆུ་ངན་པའི་སྟབས་ཀྱིས་ས་ཞིང་དུ་འབྲས་བུ་མི་འབྱུང་ངོ་ཞེས་ཞུས་པ་ན།
20 ཁོང་གིས་འདི་སྐད་དུ། ང་ལ་བུམ་པ་གསར་པ་ཞིག་ཏུ་ཚྭ་བླུགས་ནས་ཁྱེར་ཤོག་ཅེས་བསྒོས་པ་དང་། དེ་དག་གིས་ཁོང་ལ་དེ་བཞིན་ཕུལ་ཏོ། །
21 དེ་ནས་ཁོང་ཕྱི་རོལ་ཏུ་ཆུ་མིག་གི་རྩར་ཕེབས་ནས་དེའི་ནང་དུ་ཚྭ་འདེབས་བཞིན་འདི་སྐད་དུ། དཀོན་མཆོག་ཡ་ཝཱེས་འདི་ལྟར་གསུངས་ཏེ། ངས་ཆུ་འདི་གསོས་པ་ཡིན། འདི་ནས་ཕྱིན་ཆད་མི་འཆི་བའམ་སྟོན་ཐོག་མི་འབྱུང་བར་མི་འགྱུར་ཞེས་གསུངས་པ་དང་།
22 ཨེ་ལི་ཤཱའི་བཀའ་བཞིན་དུ་ཆུ་དེ་སོས་ནས་དེ་རིང་གི་བར་དུ་གནས་སོ། །
23 དེ་ནས་ཨེ་ལི་ཤཱ་ཁོང་ཉིད་པེད་ཨེལ་དུ་ཡར་བྱོན་ཏེ། ཡར་འགྲོ་བའི་ལམ་དུ་གྲོང་ཁྱེར་གྱི་གཞོན་ནུ་འགའ་ཐོན་ནས་ཁོང་ལ་འདི་ལྟར་འཕྱ་སྨོད་བྱས། མགོ་སྤྱི་ཐེར་ཅན་ཁྱོད་ཡར་སོང་ཞིག མགོ་སྤྱི་ཐེར་ཅན་ཁྱོད་ཡར་སོང་ཞིག་ཅེས་སྐད་བརྒྱབ་པས།
24 ཁོང་གིས་ཕྱི་མིག་གིས་དེ་དག་ལ་གཟིགས་ཤིང་དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་དམོད་པ་བོར་བས། ནགས་ཚལ་ལས་དོམ་མོ་གཉིས་འོངས་ནས་དེ་དག་ཁྲོད་ཀྱི་གཞོན་ནུ་ཞེ་གཉིས་ཧྲལ་བར་བྱས།
25 ཡུལ་དེ་ནས་ཁོང་ཀར་མེལ་རི་བོར་ཕྱིན་པ་དང་། ཡང་དེ་ནས་ཕྱིར་སཱ་མར་ཡ་རུ་ལོག་གོ །