༄༅། །ལུང་སྟོན་པ་མི་ཀཱའི་མདོ།
ལུང་སྟོན་པ་མི་ཀཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་ལུང་སྟོན་པ་མི་ཀཱའི་མིང་ནས་ཐོགས་པ་དང་། དེ་ནི་མི་ཀ་ཡཱ་ཞེས་པའི་བསྡུས་མིང་སྟེ། དཀོན་མཆོག་ཡ་ཝཱེ་དང་འདྲ་བ་སུ་ཞིག་ཡོད་ཅེས་པའི་དོན་ཡིན། མི་ཀཱ་ཡིས་ལུང་བསྟན་གནང་བའི་དུས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་སྔར་ལས་ཀྱང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པའི་འཚོ་བ་རོལ་ཞིང་། དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ་མི་འགའ་ཞིག་གི་ལག་ལ་རྒྱུ་ནོར་དང་དབང་ཆ་ཐོབ་ནས་སྤྱི་ཚོགས་ཁྲོད་དུ་དྲང་བདེན་མིན་པའི་གནད་དོན་བྱུང་།
ཡི་གེར་འགོད་མཁན་དང་འགོད་དུས།
ང་ཚོས་གཞུང་འདིའི་ནང་དུ་ལུང་སྟོན་པ་མི་ཀཱའི་སྐོར་ཞིབ་མོར་ཤེས་དཀའ། ཁོང་ནི་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་དྲང་བདེན་མིན་པའི་གནད་དོན་ལ་ཚོར་བ་སྐྱེན་པོ་ཡོད་པ་དང་། ལྷག་པར་དུ་ཁོང་གི་ཕ་ཡུལ་ཡིན་པའི་གྲོང་གསེབ་དང་གྲོང་ཚོ་ཆུང་ཆུང་ལ་དེ་དག་གི་ཤུགས་རྐྱེན་ཐེབས་པ་ཚོར། མི་ཀཱ་ཡིས་ལུང་བསྟན་གནང་བའི་དུས་ནི་སྤྱི་ལོ་སྔོན་གྱི་750ནས་686ལོའི་ཡས་མས་ཡིན་ལ། ཁོང་གི་གཞུང་མི་ཀཱ་ཞེས་པ་འདི་སྤྱི་ལོ་སྔོན་གྱི་686ལོའི་སྔོན་རོལ་དུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
མི་ཀཱ་ཡི་གསུང་འཕྲིན་ནི་གོད་ཆག་འབྱུང་བའི་ལུང་བསྟན་དང་རེ་བ་ཡོད་པའི་ལུང་བསྟན་རེས་མོས་ཀྱིས་གྲུབ་ཡོད། གཞུང་གི་བརྗོད་བྱའི་སྙིང་པོ་ནི་དཀོན་མཆོག་གི་ཉེས་ཆད་གཅོད་པའི་སྐོར་དང་ཐར་པ་འཐོབ་པའི་སྐོར་ཡིན། དཀོན་མཆོག་ཁོང་ཉིད་ལྷ་སྐུ་བསྟེན་པ་དང་དྲང་གཞག་མིན་པའི་བྱ་སྤྱོད། གྱེན་ལོག་གི་བྱ་བ། དོན་སྙིང་མེད་པའི་ཆོ་ག་བཅས་ལ་ཐུགས་མི་དགྱེས་པའི་སྐོར་མི་ཀཱ་ཡིས་ནན་གྱིས་བརྗོད་ཡོད། མི་རྣམས་ཀྱིས་བྱ་བ་མི་ལེགས་པ་བསྒྲུབས་ནའང་དཀོན་མཆོག་སྔར་བཞིན་ཁོ་ཚོའི་སྡིག་པ་བསལ་བར་ཐུགས་དགྱེས་པ་ཡིན།
འཆར་ཟིན།
1. ཡེས་ར་ཨེལ་པ་དང་ཡ་ཧུ་དཱ་པ་རྣམས་ལ་ཉེས་ཆད་བཅད་པ། ༼1:1-3:12༽
2. ཡེས་ར་ཨེལ་པ་དང་ཡ་ཧུ་དཱ་པ་རྣམས་ལ་རེ་བ་ཡོད་པའི་སྐོར། ༼4:1-5:15༽
3. དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་སྐྱོན་བརྗོད་གནང་བའི་སྐོར། ༼6:1-16༽
4. རེ་བས་ཀུན་ནས་ཕོངས་པའི་རྣམ་པ་དེ་ལ་རྒྱལ་ཁ་འཐོབ་པར་འགྱུར་བའི་སྐོར། ༼7:1-20༽
ལེའུ་དང་པོ།
ལུང་སྟོན་པས་སྐྱོ་གླུ་བླངས་པ།
1 ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ་དང་ཨ་ཧ་ཟཱ། ཧི་ཟི་ཀི་ཡཱ་བཅས་ཀྱི་དུས་སུ་དཀོན་མཆོག་ཡ་ཝཱེའི་བཀའ་ནི་མོ་རེ་ཤེད་པ་མི་ཀཱ་ལ་བྱུང་ནས། ཁོང་གིས་སཱ་མར་ཡ་གྲོང་ཁྱེར་དང་ཡེ་རུ་སཱ་ལེམ་གཉིས་ཀྱི་སྐོར་ལ་ཞལ་གཟིགས་མཐོང་བར་གྱུར།
2 ཀྱེ་མི་སྡེ་ཐམས་ཅད། ཁྱོད་ཚོས་འདིར་ཉོན་དང་། ཀྱེ་ས་གཞི་དང་དེའི་སྟེང་དུ་གནས་པ་ཐམས་ཅད་ཀྱིས་རྣ་བ་གཏད་ནས་ཉོན་ཅིག གཙོ་བོ་ཡ་ཝཱེས་ཉིད་ཀྱི་མཆོད་ཁང་དམ་པ་ནས་ཁྱོད་ཅག་གི་ཉེས་སྐྱོན་ལ་བདེན་དཔང་མཛད་པར་འགྱུར།
3 ལྟོས་ཤིག དཀོན་མཆོག་ཡ་ཝཱེ་ཁོང་གི་བཞུགས་གནས་ལས་ཕྱི་རུ་ཐོན་ནས་མར་ཕེབས་པ་དང་། ས་གཞིའི་མཐོ་ས་རྣམས་ལ་ཞབས་ཀྱིས་བཅག་པར་འགྱུར།
4 རི་བོ་རྣམས་ཁོང་གི་འོག་ཏུ་བཞུ་ཞིང་། ལུང་པ་རྣམས་གས་པར་འགྱུར་ལ། དེ་ནི་པྲ་ཚིལ་མེའི་ནང་དུ་བཞུ་བ་དང་། རི་ལྡེབས་ནས་འབབ་པའི་ཆུ་དང་འདྲའོ། །
5 འདི་ཐམས་ཅད་ནི་ཡ་ཀོབ་ཀྱི་ཉེས་སྐྱོན་དང་། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སྡིག་པའི་རྐྱེན་གྱིས་ཡིན་ཏེ། ཡ་ཀོབ་ཀྱི་ཉེས་སྐྱོན་ནི་ཅི་ཡིན་ནམ། དེ་ནི་སཱ་མར་ཡ་མ་ཡིན་ནམ། ཡ་ཧུ་དཱའི་མཐོ་གླིང་རྣམས་གང་དུ་ཡོད་དམ། དེ་རྣམས་ནི་ཡེ་རུ་སཱ་ལེམ་དུ་ཡོད་པ་མ་ཡིན་ནམ།
6 དེ་བས་བདག་གིས་སཱ་མར་ཡ་ནི་རི་ཐང་གི་གྱང་རོ་ལྟ་བུ་དང་། རྒུན་འབྲུམ་འཛུགས་ས་ལྟ་བུར་བསྒྱུར་བར་བྱ། བདག་གིས་དེའི་རྡོ་རྣམས་ལུང་པར་བསྒྲིལ་ཞིང་། རྨང་གཞི་རྣམས་འདོན་པར་བྱ།
7 གྲོང་ཁྱེར་ནང་གི་འདྲ་སྐུ་བརྐོས་མ་རྣམས་གཅོག་ཅིང་། ལོག་གཡེམ་བྱས་ནས་ཐོབ་པའི་དངུལ་ནི་མེས་བསྲེག་པ་དང་། བདག་གིས་དེའི་འདྲ་སྐུ་ཐམས་ཅད་མེད་པར་གཏོང་དགོས། ཅིའི་ཕྱིར་ཞེ་ན། སྨད་འཚོང་མ་ལ་ཐོབ་པའི་དངུལ་ལས་བསྡུས་པ་ནི་སླར་ཡང་སྨད་འཚོང་མའི་ཐོབ་དངུལ་དུ་འགྱུར།
8 དེའི་ཕྱིར་བདག་གིས་འོ་དོད་འདོན་ཞིང་། གོས་མེད་གཅེར་བུར་རྐང་རྗེན་དུ་རྒྱུ་བར་བྱ། ཡང་ངས་ཁྱི་སྤྱང་ལྟར་སྨྲེ་སྔགས་བཏོན་ནས་རྔ་བྱ་བཞིན་དུ་འཁུན་སྒྲ་འབྱིན་ཏེ།
9 ཅིའི་ཕྱིར་ཞེ་ན། སཱ་མར་ཡ་ཡི་རྨ་ཁ་ནི་གསོ་ཐབས་མེད་པར་ཡ་ཧུ་དཱ་རུ་སླེབས་ཤིང་། བདག་གི་མི་སྡེའི་མཁར་སྒོ་སྟེ་ཡེ་རུ་སཱ་ལེམ་དུ་སླེབས་སོ། །
10 གཱད་ཀྱི་ནང་དུ་འཕྲིན་དེ་མ་བསྒྲག་ཅིག ངུ་ཡང་མ་ངུ་ཞིག པེད་ལེ་ཨབ་རཱ་རུ་ས་རྡུལ་ནང་དུ་འགྲེ་ལོག་རྒྱག་དགོས།
11 ཀྱེ་ཀྱེ་ཤཱ་ཕིར་གྱི་མི་རྣམས། ལུས་གཅེར་བུར་ངོ་ཚ་དང་བཅས་རྒྱུ་བར་གྱིས། ཟཱ་ནན་གྱི་མི་རྣམས་ཕྱི་རུ་འབུད་མ་སྤོབས་ཏེ། པེད་ཨེ་ཟེལ་ཡིད་སྐྱོ་ནས་ངུ་ཞིང་ཁྱོད་རྣམས་ལ་རྒྱབ་རོགས་བྱེད་མི་ནུས་སོ། །
12 དཀོན་མཆོག་ཡ་ཝཱེ་ནས་ཆག་སྒོ་བྱུང་ཞིང་ཡེ་རུ་སཱ་ལེམ་གྱི་མཁར་སྒོ་རུ་སླེབས་པས། མ་རོད་ཀྱི་མི་རྣམས་སེམས་འཚབ་སྟེ་བྱིན་རླབས་ལ་རེ་སྨོན་བྱེད་དོ། །
13 ཀྱེ་ཀྱེ་ལཱ་ཀི་སིའི་མི་རྣམས། རྟ་འགྲོས་མར་ཤིང་རྟ་སྦྱོར་ཅིག ཛ་ཡན་གྱི་སྡིག་པ་ཁྱོད་ལས་བྱུང་སྟེ། ཡེས་ར་ཨེལ་གྱི་སྡིག་པ་རྣམས་ཁྱོད་ལས་མངོན་པ་ཡིན།
14 དེའི་ཕྱིར་ཁྱོད་ཀྱིས་མོ་རེ་ཤེད་གཱད་ལ་ལེགས་སྐྱེས་ཕུལ་ཏེ། ཨག་ཟིབ་ཀྱི་ཁྱིམ་རྒྱུད་རྣམས་ཀྱིས་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ལ་གཡོ་སྒྱུའི་སྦྱོར་བ་སྤེལ་བར་འགྱུར་རོ། །
15 ཀྱེ་མཱ་རེ་ཤ་ཡི་མི་རྣམས། བདག་གིས་འཕྲོག་བཅོམ་བྱེད་མཁན་རྣམས་ཁྱོད་ཀྱི་ཁྲོད་དུ་མངགས་པར་བྱེད་ཅིང་། ཡེས་ར་ཨེལ་གྱི་སྐུ་དྲག་རྣམས་ཨ་དུལ་ལཱམ་དུ་འོང་ངེས་ཡིན།
16 ཀྱེ་ཡ་ཧུ་དཱ། རང་གི་གཅེས་པའི་བུ་ཕྲུག་རྣམས་ཀྱི་ཕྱིར་སྐྲ་བྲེགས་ནས་གཞར་དགོས་ལ། ཁྱོད་ཀྱི་མགོ་ནི་བྱ་རྒོད་ལྟར་སྤྱི་ཐེར་ཡིན་དགོས་ཏེ། དེ་དག་བཙན་ཁྲིད་བྱས་ཏེ་ཁྱོད་དང་རིང་དུ་འབྲལ་བའི་ཕྱིར་རོ། །