ལེའུ་དྲུག་པ།
ཡ་ཝཱེས་ཡེས་ར་ཨེལ་ལ་རྒོལ་གཏམ་གཏོང་བ།
1 དཀོན་མཆོག་ཡ་ཝཱེའི་གསུང་ལ་ཉོན་ཅིག ཡར་ལོངས་ལ་རི་བོ་རྣམས་དང་རྩོད་པར་གྱིས་ཤིག རི་སྒང་རྣམས་ལ་ཁྱོད་ཀྱི་སྐད་སྒྲ་ཐོས་སུ་ཆུག་དང་།
2 ཀྱེ་རི་བོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་སྐྱོན་འཛུགས་པར་ཉོན་ཅིག ས་གཞིའི་དུས་གཏན་གྱི་རྨང་གཞི་ཀུན་གྱིས་ཉོན་ཅིག ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མི་རྣམས་ལ་གྱོད་བརྒྱབ་ནས་ཡེས་ར་ཨེལ་དང་རྩོད་པར་མཛད་དོ། །
3 ཀྱེ་ངའི་མི་སྡེ། ངས་ཁྱོད་རྣམས་ལ་ཅི་ཞིག་བྱས་སམ། ངས་དོན་ཅི་ཞིག་གིས་ཁྱོད་རྣམས་ལ་སུན་སྣང་བསྐྱེད་པ་ཡིན་ནམ། ཁྱོད་ཀྱིས་ང་ལ་ལན་ཐོབས་ཤིག
4 སྔོན་ཆད་ངས་ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་དེ། བྲན་གཡོག་ཏུ་བཀོལ་བའི་གནས་ལས་ཁྱོད་རྣམས་བླུས་པ་དང་། ཡང་ངས་མོ་ཤེ་དང་ཨ་རོན། མིར་ཡམ་བཅས་ཁྱོད་རྣམས་འཁྲིད་ཕྱིར་མངགས་པའོ། །
5 ཀྱེ་ངའི་མི་སྡེ། ཁྱོད་ཅག་གིས་སྔོན་ཆད་མོ་ཨབ་རྒྱལ་པོ་པཱ་ལག་གིས་ཅི་ལྟར་འཆར་འགོད་བྱས་པ་དང་། པེ་ཨོར་གྱི་བུ་པེལ་ཨམ་གྱིས་དེ་ལ་ལན་ཅི་ཞིག་བཏབ་པ། ཡང་སིད་ཏིམ་ནས་གིལ་གལ་བར་དུ་དོན་ཅི་ཞིག་བྱུང་བ་རྣམས་དྲན་པར་གྱིས་ཤིག དེ་ནི་ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲང་བདེན་གྱི་མཛད་པ་རྣམས་རྟོགས་པའི་ཕྱིར་ཡིན་ནོ། །
དཀོན་མཆོག་ཡ་ཝཱེའི་རེ་བ།
6 ང་རང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་སོང་ནས་བླ་མེད་དཀོན་མཆོག་གི་སྤྱན་སྔར་ཕྱག་འཚལ་བའི་དུས་སུ། ངས་ཅི་ཞིག་འབུལ་ལམ། ང་རང་ཁོང་གི་དྲུང་དུ་འགྲོ་དུས་ལོ་གཅིག་ཅན་གྱི་བ་ཕྲུག་སྦྱིན་སྲེག་གི་མཆོད་པར་འབུལ་བར་བྱའམ།
7 དཀོན་མཆོག་ཡ་ཝཱེ་ནི་ལུག་ཐུག་སྟོང་ཕྲག་རྣམས་དང་། སྣུམ་གྱི་གཙང་པོ་ཁྲི་ཕྲག་རྣམས་ལ་ཐུགས་མཉེས་སམ། ངས་རང་གི་ཉེས་སྐྱོན་གྱི་དོན་དུ་རང་གི་བུ་སྐྱེས་འགོ་དང་། ངའི་སྡིག་པའི་ཆེད་དུ་རང་ལས་སྐྱེས་པ་འབུལ་ལམ།
8 ཀྱེ་ཀྱེ་འཇིག་རྟེན་མི་རྣམས། དཀོན་མཆོག་ཡ་ཝཱེས་བཟང་པོ་གང་ཡིན་པ་ནི་ཁྱོད་ལ་བསྟན་ཟིན་ཏེ། ཁོང་གིས་ཁྱོད་རྣམས་ལ་རེ་བ་གང་ཞིག་བཅངས་པ་ཡིན་ཟེར་ན། ཁྱོད་ཀྱིས་ལས་དྲང་བདེན་སྤྱོད་པ་དང་བྱམས་སྙིང་རྗེ་ལ་དགའ་བ། ཁེངས་སྐྱུང་གི་སེམས་ཀྱིས་གཟབ་ནན་ངང་རང་གི་དཀོན་མཆོག་དང་མཉམ་དུ་སྐྱོད་པ་བཅས་ལས་མ་འདས་སོ། །
9 ཉོན་དང་། དཀོན་མཆོག་ཡ་ཝཱེས་གྲོང་ཁྱེར་འདི་འབོད་ཀྱིན་འདུག ཁྱེད་ཀྱི་མཚན་ལ་གུས་ཤིང་འཇིགས་པ་ནི་ཤེས་རབ་ཡིན་ལ། ཁྱོད་ཚོས་ཉེས་ཆད་དང་ཉེས་ཆད་གཅོད་པར་མངགས་པ་དེའི་གཏམ་ལ་ཉོན་ཅིག
10 མི་ངན་གྱི་ཁྱིམ་དུ་ད་དུང་ལྐོག་ནོར་དང་། མི་ལ་ཁོང་ཁྲོ་སློང་བའི་བྲེ་ཆུང་ངུ་དེ་ཡོད་པ་མ་ཡིན་ནམ།
11 མི་དྲང་བའི་སྲང་དང་ཁུག་མའི་ནང་གི་རྒྱ་རྡོ་གཡོ་སྒྱུ་ཅན་བཀོལ་ན། ངས་མི་དེ་ནོངས་མེད་དུ་རྩི་བར་འགྱུར་རམ།
12 གྲོང་ཁྱེར་དེའི་ཕྱུག་པོ་རྣམས་ཀྱིས་གདུག་རྩུབ་ཀྱི་ལས་སྤྱོད་པ་དང་། ཡུལ་དེའི་མི་རྣམས་ཀྱིས་རྫུན་སྨྲ་ཞིང་། དེ་དག་གི་སྨྲ་སྒོའི་ལྕེ་ནི་གཡོ་སྒྱུ་ཅན་ཡིན་ནོ། །
13 དེའི་ཕྱིར་ངས་ཁྱོད་ལ་བརྡུངས་ནས་སྣད་པར་བྱ་ཞིང་། ཁྱོད་ཀྱི་སྡིག་པའི་དབང་གིས་ཁྱོད་རང་བརླག་པར་བྱའོ། །
14 ཁྱོད་ཀྱིས་ཟོས་ཀྱང་འགྲང་བར་མི་འགྱུར་ལ། ཁྱོད་ཀྱི་ལྟོ་བ་སྔར་བཞིན་སྟོང་བར་ལུས་པ་དང་། ཁྱོད་རང་སྤར་ནའང་བྲོས་ནས་མི་ཐར་ལ། ཐར་བའི་དབང་དུ་བཏང་ནའང་བདག་གིས་རལ་གྲིར་གཏོད་ངེས་ཡིན།
15 ཁྱོད་ཀྱིས་ས་བོན་བཏབ་ཀྱང་ལོ་ཏོག་བསྡུ་མི་ནུས་ཤིང་། སྐྱུ་རུ་བཙིར་ཡང་སྣུམ་གྱིས་ལུས་བྱུག་པར་མི་འགྱུར་ལ། རྒུན་འབྲུམ་གྱི་ཁུ་བ་བཙིར་ཡང་རྒུན་ཆང་འཐུང་བར་མི་འགྱུར་རོ། །
16 ཁྱོད་ཀྱིས་ཨོམ་རིའི་སྒྲིགས་ལམ་བཞིན་བྱས་ཤིང་། ཨ་ཧབ་ཁྱིམ་རྒྱུད་ཀྱི་སྤྱོད་པ་མཐའ་དག་སྤྱད་ནས་ཁོ་ཚོའི་གྲོས་ངན་ལ་མཉན་པས་ན། ངས་ཁྱོད་སྟོང་པར་བྱ་ཞིང་དེར་གནས་པའི་ཡུལ་མི་རྣམས་ལ་གཞན་གྱིས་འཕྱ་བར་འགྱུར་ལ། ཁྱོད་ཚོས་ངའི་མི་སྡེའི་ངོ་ཚ་ཡང་འཁུར་བར་འགྱུར་རོ། །