ལེའུ་བཅུ༌པ།
བཟའ་ཚང་གི༌སྐོར།
དེ་ནས་སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ནས་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་ཡོད་པའི་ཡ་ཧུ་དཱའི་ཡུལ་དུ་ཕེབས་པ༌དང༌། མི་མང་པོ་སླར་ཡང་ཁོང་གི་དྲུང་དུ་འདུས༌ཤིང༌། ཁོང་གིས་སྔར་བཞིན་མི་དེ་རྣམས་ལ་ཆོས་གསུངས་པ༌རེད། ཕ་རུ་ཤི་པ་འགའ་ཤས་ཁོང་ལ་ཚོད་བགམ་པའི་ཕྱིར་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། སྐྱེས་པ་ཞིག་གིས་རང་གི་ཆུང་མ་སྤངས་ན་བཀའ་ཁྲིམས་དང་མཐུན་ནམ་ཞེས་ཞུས་པ༌ན། ཁོང་གིས་འདི་སྐད༌དུ། མོ་ཤེ་ཡིས་ཁྱོད་རྣམས་ལ་བཀའ་ཅི་ཞིག་གནང་ཡོད་དམ་ཞེས་གསུངས་པ༌དང༌། ཡང་ཁོ་རྣམས་ན༌རེ། མོ་ཤེ་ཡིས་བཟའ་འཐོར་ཡི་གེ་བྲིས་ན་ཆུང་མ་སྤངས་ཆོག་ཅེས་བཀའ་གནང་བ་ཡིན་ཞེས་ཞུས་པ༌ལ། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གི་སེམས་གྱོང་པོ་ཡིན་པས་མོ་ཤེ་ཡིས་བཀའ་འདི་གནང་བ་ཡིན༌མོད། འོན་ཀྱང་འཇིག་རྟེན་འདི་ཐོག་མར་བཀོད་དུས་དཀོན་མཆོག་གིས་མི་ནི་ཕོ་དང་མོ་གཉིས་སུ་མཛད་པ༌ཡིན། དེའི༌ཕྱིར། སྐྱེས་པ་ནི་རང་གི་ཕ་མ་དང་ཁ་བྲལ་ནས་རང་གི་ཆུང་མར་འབྲེལ༌ཏེ། ཁོ་གཉིས་ལུས་པོ་གཅིག་ཏུ་འགྱུར་བས་ཕྱིན་ཆད་ཁོ་གཉིས་ནི་ལུས་པོ་གཉིས་མ་ཡིན་པར་ལུས་པོ་གཅིག་རང༌ཡིན། དེ་བས་དཀོན་མཆོག་གིས་སྦྲེལ་བ་དེ་མི་སུས་ཀྱང་གཏོར་མི་རུང་ཞེས་གསུངས༌སོ།། 10 དེ་ནས་ཁོང་རྣམས་ཁང་པའི་ནང་དུ་ཕེབས༌རྗེས། ཐུགས་སྲས་རྣམས་ཀྱིས་ཁོང་ལ་གསུང་དེའི་དོན་དྲིས་པ༌ན། 11 ཁོང་གིས་འདི་སྐད༌དུ། སུ་ཞིག་གིས་རང་གི་ཆུང་མ་སྤངས་ཏེ་གཞན་ཞིག་བླངས་ན་དེ་ནི་ཆུང་མར་འགལ་ནས་ལོག་གཡེམ་བྱས་པ༌ཡིན། 12 ཡང་བུད་མེད་ཅིག་གིས་རང་གི་སྐྱེས་པ་སྤངས་ནས་སྐྱེས་པ་གཞན་དང་གཉེན་བསྒྲིགས་ན་དེ་ཡང་ལོག་གཡེམ་བྱས་པ་ཡིན་ཞེས་གསུངས༌སོ།།
བྱིས་པར་བྱིན་གྱིས་བརླབས༌པ།
13 དེ་ནས་མི་རྣམས་ཀྱིས་བྱིས་པ་འགའ་ཁོང་གི་ཕྱག་གིས་རེག་པའི་ཆེད་དུ་ཁོང་གི་དྲུང་དུ་ཁྲིད་ཡོང༌ནའང༌། ཐུགས་སྲས་རྣམས་ཀྱིས་དེ་རྣམས་ལ་བཀའ་བཀྱོན་གནང༌ངོ༌།། 14 སྐྱབས་མགོན་ཡེ་ཤུས་ཚུལ་དེ་གཟིགས་པ་དང་ཐུགས་ཁྲོས་ཏེ་ཐུགས་སྲས་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ནི་དེ་ལྟ་བུ་རྣམས་ཀྱི་ཡིན༌པས། བྱིས་པ་རྣམས་མ་འགོག་པར་བདག་གི་དྲུང་ལ་ཡོང་དུ༌ཆུག 15 ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མི་སུས་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ནི་བྱིས་པའི་ཚུལ་གྱིས་དང་དུ་མ་བླངས༌ན། མི་དེ་ཅིས་ཀྱང་རྒྱལ་སྲིད་དེར་ཞུགས་མི་ནུས་ཞེས་གསུངས་པ༌དང༌། 16 ཁོང་གིས་བྱིས་པ་དེ་རྣམས་པང་དུ་བསྣམས་ཤིང་དེ་དག་གི་སྟེང་ལ་ཕྱག་བཞག་སྟེ་བྱིན་གྱིས་བརླབས༌སོ།།
ན་གཞོན་ཕྱུག་པོའི༌སྐོར།
17 དེ་ནས་སྐྱབས་མགོན་ཡེ་ཤུ་ལམ་དུ་ཕེབས་པའི་སྐབས༌སུ། མི་ཞིག་བརྒྱུགས་ཡོང་ནས་ཁོང་གི་དྲུང་དུ་པུས་མོ་སར་བཙུགས་ཏེ་ན༌རེ། སློབ་དཔོན་བཟང་པོ༌ལགས། ངས་གང་ཞིག་བྱས༌ན་ད་གཟོད་མཐའ་མེད་པའི་ཚེ་སྲོག་འཐོབ་ཐུབ་བམ་ཞེས་ཞུས༌སོ།། 18 ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་ཅིའི་ཕྱིར་བདག་ལ་བཟང་པོ་ཟེར༌རམ། དཀོན་མཆོག་ཁོ་ན་ལས་གཞན་བཟང་པོ་གཅིག་ཀྱང༌མེད། 19 མི་མ༌གསོད། ལོག་གཡེམ་མ༌བྱེད། རྐུ་མ༌བྱེད། རྫུན་གྱི་དཔང་པོ་མ༌བྱེད། མི་ལ་གྱོང་གུད་མ༌བཟོ། རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས་ཞེས་གསུངས་པའི་བཀའ་ཁྲིམས་འདི་དག་ཁྱོད་ཀྱིས་ཤེས་པ་ཡིན་ཞེས་གསུངས༌སོ།། 20 ཡང་མི་དེ་ན༌རེ། སློབ་དཔོན༌ལགས། ངས་ཆུང་དུས་ནས་བཀའ་དེ་ཐམས་ཅད་བསྲུངས་པ་ཡིན་ཞེས༌ཞུས། 21 སྐྱབས་མགོན་ཡེ་ཤུས་ཁོ་ལ་གཟིགས་ཤིང་བྱམས་པའི་ཉམས་དང༌བཅས། ཁྱོད་ལ་ད་དུང་དོན་གཅིག་མི་ཚང༌སྟེ། ཁྱོད་རང་ཕྱིར་སོང་ནས་རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་དབུལ་པོ་རྣམས་ལ་བྱིན༌ཅིག ནམ་མཁའི་ཞིང་ཁམས་སུ་ཁྱོད་ལ་ནོར་བུ་འཐོབ་པར༌འགྱུར། དེ་ནས་བདག་གི་རྗེས་སུ་འབྲང་བར་གྱིས་ཞེས་གསུངས་པ༌ན། 22 མི་དེ་ལ་རྒྱུ་ནོར་ཤིན་ཏུ་མང་པོ་ཡོད་པས་གསུང་དེ་ཐོས་པ་དང་ངོ་མདངས་འགྱུར་ཞིང་ཡིད་སྐྱོ་བའི་ངང་ནས་ཕྱིར་སོང༌ངོ༌།། 23 དེ་ནས་སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་མཐའ་འཁོར་ལ་གཟིགས་ཤིང་ཐུགས་སྲས་རྣམས་ལ་འདི་སྐད༌དུ། རྒྱུ་འབྱོར་བ་ཅན་རྣམས་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ནི་ཇི་འདྲའི་དཀའ་ཨང་ཞེས་གསུངས་པ༌དང༌། 24 ཐུགས་སྲས་རྣམས་ཁོང་གི་གསུང་དེར་ཧ་ལས་པ༌རེད། འོན་ཀྱང་སྐྱབས་མགོན་ཡེ་ཤུས་སླར་ཡང་ཐུགས་སྲས་རྣམས་ལ་འདི་སྐད༌དུ། བུ་ཕྲུག༌རྣམས། དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ནི༌དཀའོ།། 25 ཕྱུག་བདག་ཅིག་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ༌ལས། རྔ་མོང་ཞིག་ཁབ་མིག་ཏུ་འཛུལ་བ་སླ་ཞེས་གསུངས་པ༌དང༌། 26 ཐུགས་སྲས་རྣམས་ཤིན་ཏུ་ཧ་ལས་ཤིང་ཁོང་ལ་དེས་ན་སུ་ཞིག་ལ་ཐར་པ་འཐོབ་ཐུབ་བམ་ཞེས་ཞུས་པ༌ན། 27 ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་གཟིགས་ཏེ་འདི་སྐད༌དུ། དེ་ནི་མི་ཡིས་མི་ནུས་ཀྱང་དཀོན་མཆོག་གིས་ནུས་པ༌ཡིན། དཀོན་མཆོག་གིས་ཐམས་ཅད་བསྒྲུབ་སྲིད་ཅེས་གསུངས༌སོ།། 28 དེ་ནས་པེ་ཏྲོ་ན༌རེ། ཁྱེད་ཀྱིས་གཟིགས༌དང༌། ངེད་ཅག་གིས་ཐམས་ཅད་སྤངས་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་ཞེས་ཞུས་པ༌ལ། 29 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། སུ་ཞིག་གིས་བདག་དང་འཕྲིན་བཟང་གི་དོན་དུ་རང་གི་ཁང་པ༌དང༌། ཕུ༌ནུ། ལྕམ༌སྲིང༌། ཕ༌མ། བུ༌ཕྲུག ས་ཞིང་སོགས་སྤངས༌ན། 30 མི་དེ་ལ་བསྐལ་པ་འདིར་ཁང༌པའམ། ཕུ༌ནུའམ། ལྕམ་སྲིང༌ངམ། མའམ། བུ་ཕྲུག༌གམ། ས་ཞིང་སོགས་ལྡབ་བརྒྱ་འགྱུར་གྱིས་འཐོབ་པར་མ༌ཟད། གནོད་འཚེ་ཡང་ཐེབས་ཡོང་ཞིང་བསྐལ་པ་འབྱུང་འགྱུར་དུ་མཐའ་མེད་པའི་ཚེ་སྲོག་ཀྱང་འཐོབ་ངེས༌སོ།། 31 འོན༌ཀྱང༌། སྔ་མ་མང་པོ་ཕྱི་མར་འགྱུར༌ཞིང༌། ཕྱི་མ་མང་པོ་སྔ་མར་འགྱུར་ཞེས་གསུངས༌སོ།།
དགྲོང་བར་འགྱུར་བ་སླར་ཡང་ལུང་བསྟན༌པ།
32 དེ་ནས་ཁོང་རྣམས་ལམ་ལ་ཆས་ཏེ་ཡར་ཡེ་རུ་སཱ་ལེམ་དུ་ཕེབས༌སྐབས། སྐྱབས་མགོན་ཡེ་ཤུ་སྔོན་དུ་ཕེབས་བཞིན་པ་དང་ཐུགས་སྲས་རྣམས་ཧ་ལས༌ཤིང༌། རྗེས་སུ་འབྲང་མཁན་རྣམས་ཀྱང་འཇིགས་སྣང་སྐྱེས༌སོ། །ཁོང་གིས་ཡང་བསྐྱར་ཐུགས་སྲས་བཅུ་གཉིས་པོ་ཟུར་དུ་ཁྲིད༌ཅིང༌། རང་ཉིད་ལ་འབྱུང་ངེས་པའི་དོན་རྣམས་གསུངས༌ཏེ། 33 ལྟོས༌དང༌། བདག་ཅག་ཡར་ཡེ་རུ་སཱ་ལེམ་དུ་འགྲོ་བཞིན༌ཡོད། མིའི་བུ་ཁོ་རང་མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཀྱི་ལག་ཏུ་སྤྲོད་ཅིང་དེ་དག་གིས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་གཅོད་པ་དང་ཕྱི་ཕྱོགས་པ་རྣམས་ལ་སྤྲད༌དེ། 34 ཁོ་རང་ལ་འཕྱ་དམོད་བྱས་ཏེ་མཆིལ་མ་འདེབས༌པ་དང་། རྟ་ལྕག་གིས་གཞུས་ནས་གསོད་པར་འགྱུར༌རོ། །དེ་ནས་ཉིན་གསུམ་གྱི་རྗེས་སུ་ཁོ་རང་སླར་གསོན་པར་འགྱུར་ཞེས་ལུང་བསྟན༌ཏོ།།
ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱི་ཞུ༌བ།
35 དེ་ནས་ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་སྟེ་ན༌རེ། སློབ་དཔོན༌ལགས། ངེད་གཉིས་ཀྱིས་ཁྱེད་ལ་ཅི་ཞིག་ཞུས་ན་དེ་གནང་བར་སྨོན་ཞེས་ཞུས་པ༌ན། 36 ཁོང་གིས་འདི་སྐད༌དུ། ངས་ཁྱོད་གཉིས་ལ་དོན་ཅི་བྱ་དགོས་སམ་ཞེས་གསུངས་པ༌དང༌། 37 ཡང་ཁོ་གཉིས་ན༌རེ། ཁྱེད་ཀྱི་གཟི་བརྗིད་ *ནང་དུ་ངེད་གཉིས་ལས་གཅིག་ནི་ཁྱེད་ཀྱི་གཡས་ཕྱོགས་དང་གཅིག་ནི་གཡོན་ཕྱོགས་སུ་སྡོད་དུ་འཇུག་པར་མཛོད་ཅེས་ཞུས༌སོ།། 38 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་གཉིས་ཀྱིས་ཅི་ཞིག་ཞུ་བའང་མི་ཤེས༌ཏེ། ངས་འཐུང་བར་འགྱུར་བའི་ཕོར་བ་ལས་ཁྱོད་གཉིས་ཀྱིས་འཐུང་ནུས༌སམ། ངས་ལེན་པར་འགྱུར་བའི་ཁྲུས་གསོལ་དེ་ཁྱོད་གཉིས་ཀྱིས་ཀྱང་ལེན་ནུས་སམ་ཞེས་གསུངས་པ༌ན། 39 ཁོ་གཉིས་ཀྱིས་ནུས་པ་ཡིན་ཞེས་ཞུས༌སོ། །ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་འཐུང་བར་འགྱུར་བའི་ཕོར་བ་ལས་ཁྱོད་གཉིས་ཀྱིས་ཀྱང་འཐུང་ངེས༌ལ། ངས་ལེན་པར་འགྱུར་བའི་ཁྲུས་གསོལ་དེ་ཡང་ལེན་པར༌འགྱུར། 40 འོན་ཀྱང་ངའི་གཡས་གཡོན་ལ་སྡོད་དུ་འཇུག་པའི་དབང་ནི་བདག་ལ༌མེད། མི་སུ་ཡི་ཆེད་དུ་སྟ་གོན་མཛད་ཡོད་ན་དེ་ལ་གནང་ངེས་ཡིན་ཞེས་གསུངས༌སོ།། 41 ཐུགས་སྲས་བཅུ་པོས་གཏམ་དེ་ཐོས་ཚེ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱི་སྟེང་ལ་ཁོང་ཁྲོ་ལངས་པ༌རེད། 42 དེ་ནས་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་རང་གི་དྲུང་དུ་བོས་ཏེ་འདི་སྐད༌དུ། ཕྱི་ཕྱོགས་པ་རྣམས་ལས་དཔོན་རིགས་སུ་བཀུར་བ་རྣམས་ཀྱིས་རང་གི་འབངས་མི་ལ་དབང་བྱེད༌ཅིང༌། བློན་ཆེན་རྣམས་ཀྱིས་རང་གི་འབངས་མི་ལ་དབང་བསྒྱུར་བ་ཁྱོད་ཅག་གིས་ཀྱང་ཤེས་གསལ་ལྟར༌ཡིན། 43 འོན་ཀྱང་ཁྱོད་ཅག་གི་ཁྲོད་དུ་དེ་ལྟར་བྱ་མི་རུང༌སྟེ། ཁྱོད་ཅག་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱོད་ཅག་གི་ཞབས་ཕྱི་པར་འགྱུར་དགོས༌ཤིང༌། 44 ཁྱོད་ཅག་ལས་སུ་ཞིག་མཆོག་ཏུ་འགྱུར་འདོད་པ་དེ་མི་ཀུན་གྱི་བྲན་གཡོག་ཏུ་འགྱུར་དགོས༌སོ།། 45 ཅིའི་ཕྱིར་ཞེ༌ན། མིའི་བུ་ཡང་མི་གཞན་གྱི་ཞབས་ཕྱི་འཐོབ་པའི་ཕྱིར་ཡོང་བ་མ་ཡིན༌པར། མི་གཞན་ལ་ཞབས་ཕྱི་བསྒྲུབ་པ་དང་རང་སྲོག་ཕུལ་ནས་མི་མང་པོ་བླུ་བའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།
སྤྲང་པོ་ལོང་བའི་མིག་གསོས༌པ།
46 དེ་ནས་ཁོང་རྣམས་ཡེ་རུ་ཀོ་ལ་ཕེབས་པ༌དང༌། ཡང་ཁོང་ཉིད་དང་ཐུགས་སྲས༌རྣམས། མི་མང་པོ་བཅས་ལྷན་དུ་ཡེ་རུ་ཀོ་དང་ཁ་བྲལ་ནས་འབྱོན་པའི་དུས༌སུ། ཐི་མེ་ཟིའི་བུ་སྤྲང་པོ་ལོང་བ་པཱར་ཏི་མཱ་ཞེས་པ་ལམ་འགྲམ་དུ་བསྡད་ཡོད༌ཅིང༌། 47 སྤྲང་པོ་དེས་ནཱ་ཙ་རེལ་པ་སྐྱབས་མགོན་ཡེ་ཤུ་ཕེབས་པའི་གཏམ་ཐོས་ནས་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས༌སྲས། ཡེ་ཤུ༌ལགས། བདག་ལ་སྙིང་རྗེས་གཟིགས་རོགས་ཞེས་ཞུས༌སོ།། 48 མི་མང་པོས་ཁོ་རང་ཁ་རོག་ཏུ་སྡོད་པར་ནན་གྱིས་བསྐུལ༌ནའང༌། ཁོས་སྔར་ལས་ཀྱང་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས་སྲས༌ལགས། བདག་ལ་སྙིང་རྗེས་གཟིགས་རོགས་ཞེས་འབོད་སྐད་བསྒྲགས༌སོ།། 49 དེ་ནས་སྐྱབས་མགོན་ཡེ་ཤུས་ཀྱང་ཕེབས་མཚམས་བཞག་སྟེ་ཁོ་རང་ཚུར་བོས་ཤིག་ཅེས་གསུངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་ལོང་བ་དེ་བོས་ནས་ན༌རེ། སྐྱབས་མགོན་ཡེ་ཤུས་ཁྱོད་རང་ཚུར་ཤོག་ཅེས་གསུངས༌པས། ཁྱོད་རང་སེམས་བདེ་བའི་ངང་ནས་ཡར་ལོངས་ཤིག་ཅེས་སྨྲས་པ༌ན། 50 ཁོས་ཀྱང་རང་གི་ཕྱི་གོས་བསྐྱུར་ནས་མགྱོགས་པོར་ཡར་ལངས་ཏེ་ཁོང་གི་སྐུ་མདུན་དུ་སོང༌ངོ༌།། 51 དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་ཁྱོད་ལ་ཅི་བྱ་དགོས་སམ་ཞེས་གསུངས་པ༌དང༌། ལོང་བ་ན༌རེ། རཱབ་པོ་ནེ༌ལགས། ངའི་མིག་གིས་མཐོང་ནུས་པར་མཛོད་ཅེས་ཞུས་པ༌ན། 52 སྐྱབས་མགོན་ཡེ་ཤུས་ད་ལྟ་ཁྱོད་རང་ཕྱིར་སོང་དང་ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན་ཞེས་གསུངས་མ༌ཐག ཁོའི་མིག་གིས་མཐོང་བར་གྱུར་ཅིང་ཁོ་རང་ལམ་བར་དེ་ནས་ཁོང་གི་རྗེས་སུ་འབྲངས༌སོ།།
* ལེའུ་བཅུ༌པ།:37 འདིར་བཤད་པའི་གཟི་བརྗིད་ཅེས་པ་ནི་དམ་པའི་གསུང་རབ་ཀྱི་གཞུང་ལས་གསུངས་པ་ལྟར༌ན། མ་འོངས་པའི་དུས་སུ་དཀོན་མཆོག་གིས་འཇིག་རྟེན་ཁམས་འདི་ཞི་བདེའི་ངང་སྐྱོང་བར་མཛད་པའི་འཕྲིན་ལས་ལ་གོ་བ་ཡིན། (དཀོན་མཆོག་གི་རྒྱལ་སྲིད་ཅེས་པའི་མཆན་ལའང་གཟིགས་རོགས།)