ལེའུ་བཅུ་གཉིས་པ།
མཆོད་དཔོན་དང་ལེ་ཝི་པའི་མིང་ཐོ།
1 འདི་དག་ནི་ཞིད་ཨལ་ཐེ་ཨེལ་གྱི་བུ་ཟེ་རུ་པཱ་པེལ་དང་ཡེ་ཤུ་ཨ་བཅས་དང་མཉམ་དུ་ཡར་འོངས་པའི་མཆོད་དཔོན་དང་ལེ་ཝི་པ་རྣམས་ཡིན་ཏེ། སེ་ར་ཡཱ་དང་། ཡེ་རེམ་ཡཱ། ཨེས་སི་རཱ།
2 ཨ་མར་ཡཱ། མལ་ལུག ཧད་ཏུས།
3 ཤེ་ཀན་ཡཱ། རེ་ཧུམ། མེ་རེ་མོད།
4 ཨིད་དོ། གིན་ནེ་ཐོ། ཨ་བི་ཡཱ།
5 མི་ཡཱ་མིན། མ་ཨད་ཡཱ། པིལ་གཱ
6 ཤེ་མ་ཡཱ། ཡོ་ཡ་རིབ། ཡེ་དཱ་ཡ་དང་།
7 སལ་ལུ། ཨ་མོག ཧིལ་ཀི་ཡཱ། ཡེ་དཱ་ཡ་བཅས་མི་འདི་དག་ནི་ཡེ་ཤུ་ཨའི་དུས་སྐབས་སུ་མཆོད་དཔོན་དང་། དེ་དག་གི་སྤུན་རྣམས་ཀྱི་འགོ་དཔོན་ཡིན་ནོ། །
8 ཡང་ལེ་ཝི་པ་རྣམས་ལས། ཡེ་ཤུ་ཨ་དང་། པིན་ནུ་ཨི། ཀད་མི་ཨེལ། ཤེ་རེབ་ཡཱ། ཡ་ཧུ་དཱ། མད་ཐན་ཡཱ་དང་དེའི་སྤུན་རྣམས་ཀྱིས་བསྟོད་པའི་མགུར་མའི་དབུ་མཛད་ཀྱི་འགན་འཁུར་ཡོད།
9 དེར་མ་ཟད་དེ་དག་གི་སྤུན་པག་པུག་ཡཱ་དང་ཨུན་ནི་གཉིས་ཀྱིས་དེ་དག་གི་མདུན་དུ་ལངས་ནས་ཞབས་ཞུ་བྱས་སོ། །
མཆོད་དཔོན་ཆེན་པོ་ཡེ་ཤུ་ཨ་ཡི་བུ་རྒྱུད་རྣམས།
10 ཡང་ཡེ་ཤུ་ཨ་ལས་ཡོ་ཡ་ཀིམ་སྐྱེས། ཡོ་ཡ་ཀིམ་ལས་ཨེལ་ཡཱ་ཤིབ་སྐྱེས། ཨེལ་ཡཱ་ཤིབ་ལས་ཡོ་ཡ་དཱ་སྐྱེས།
11 ཡོ་ཡ་དཱ་ལས་ཡོ་ནཱ་ཐན་སྐྱེས། ཡོ་ནཱ་ཐན་ལས་ཡད་དུ་ཨ་སྐྱེས་སོ། །
ཚོ་དཔོན་དུ་སྡོད་པའི་མཆོད་དཔོན་རྣམས།
12 ཡོ་ཡ་ཀིམ་གྱི་དུས་སྐབས་སུ་མཆོད་དཔོན་རྣམས་ལས་ཚོ་དཔོན་བྱེད་པ་ནི་འདི་ལྟ་སྟེ། སེ་ར་ཡཱའི་རྒྱུད་དུ་མེ་ར་ཡཱ་ཡོད། ཡེ་རེམ་ཡཱའི་རྒྱུད་དུ་ཧ་ནན་ཡཱ་ཡོད།
13 ཨེས་སི་རཱའི་རྒྱུད་དུ་མཱེ་ཤུལ་ལིམ་ཡོད། ཨ་མར་ཡཱའི་རྒྱུད་དུ་ཡེ་ཧོ་ཧ་ནན་ཡོད།
14 མེ་ལི་ཀུའི་རྒྱུད་དུ་ཡོ་ནཱ་ཐན་ཡོད། ཤེ་བན་ཡཱའི་རྒྱུད་དུ་ཡོ་སེབ་ཡོད།
15 ཧ་རིམ་གྱི་རྒྱུད་དུ་ཨད་ན་ཡོད། མེ་ར་ཡོད་ཀྱི་རྒྱུད་དུ་ཧེལ་ཀཱ་ཨི་ཡོད།
16 ཨིད་དོའི་རྒྱུད་དུ་ཟཱ་ཀར་ཡ་ཡོད། གིན་ནེ་ཐོན་གྱི་རྒྱུད་དུ་མཱེ་ཤུལ་ལིམ་ཡོད།
17 ཨ་བི་ཡཱའི་རྒྱུད་དུ་ཟིག་རི་ཡོད། མིན་ཡ་མིན་གྱི་རྒྱུད་དང་མོ་ཨད་ཡའི་རྒྱུད་དུ་ཕིལ་ཏ་ཨི་ཡོད།
18 པིལ་གཱའི་རྒྱུད་དུ་ཤམ་མུ་ཨ་ཡོད། ཤེ་མ་ཡཱའི་རྒྱུད་དུ་ཡོ་ནཱ་ཐན་ཡོད།
19 ཡོ་ཡ་རིབ་ཀྱི་རྒྱུད་དུ་མད་ཏེ་ན་ཨི་ཡོད། ཡེ་དཱ་ཡའི་རྒྱུད་དུ་ཨུ་ཟི་ཡོད།
20 སལ་ལཱ་ཨིའི་རྒྱུད་དུ་ཀལ་ལ་ཨི་ཡོད། ཨ་མོག་གི་རྒྱུད་དུ་ཨེ་བེར་ཡོད།
21 ཧིལ་ཀི་ཡཱའི་རྒྱུད་དུ་ཧ་ཤབ་ཡཱ་ཡོད། ཡེ་དཱ་ཡའི་རྒྱུད་དུ་ནེ་ཐན་ཨེལ་ཡོད་པ་ཡིན་ནོ། །
22 ཨེལ་ཡཱ་ཤིབ་དང་། ཡོ་ཡ་དཱ་དང་ཡོ་ཧ་ནན་དང་ཡད་དུ་ཨའི་དུས་སྐབས་སུ། ལེ་ཝི་པའི་ཕ་མེས་རྒྱུད་ཀྱི་ཚོ་དཔོན་རྣམས་ཀྱི་མིང་དང་མཆོད་དཔོན་རྣམས་ཀྱི་མིང་ཡང་ཏ་ཟིག་གི་རྒྱལ་པོ་དར་ཡཱའི་རིང་དུ་ལོ་རྒྱུས་ཟིན་ཐོའི་སྟེང་དུ་བྲིས་ཡོད་དོ། །
23 ལེ་ཝི་པ་ལས་ཕ་མེས་རྒྱུད་ཀྱི་ཚོ་དཔོན་བྱེད་པ་རྣམས་ནི། ཨེལ་ཡཱ་ཤིབ་ཀྱི་བུ་ཡོ་ཧ་ནན་གྱི་དུས་སྐབས་བར་དུ་ལོ་རྒྱུས་ཟིན་ཐོའི་སྟེང་དུ་བྲིས་སོ། །
24 ཡང་ལེ་ཝི་པ་རྣམས་ཀྱི་ཚོ་དཔོན་རྣམས་ནི། ཧ་ཤབ་ཡཱ་དང་ཤེ་རེབ་ཡཱ་དང་ཀད་མི་ཨེལ་གྱི་བུ་ཡེ་ཤུ་ཨ་བཅས་ཡིན་པ་དང་། དེ་དག་གི་སྤུན་རྣམས་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱི་བཀའ་བཞིན་དུ་བསྟོད་པ་དང་བཀའ་དྲིན་འབུལ་དུས་མདུན་དུ་ལངས་ནས་སྡོད་པ་ཡིན།
25 སྒོ་སྲུང་རྣམས་ནི་མད་ཐན་ཡཱ་དང་། པག་པུག་ཡཱ། ཨོ་བད་ཡཱ། མཱེ་ཤུལ་ལིམ། ཏལ་མོན། ཨག་ཁུབ་བཅས་ཡིན་ལ། མཛོད་ཁང་གི་སྒོ་བསྲུངས་ཏེ་ལངས་སྡོད་པའོ། །
26 མི་འདི་དག་ཐམས་ཅད་ནི་ཡོ་ཚ་དག་གི་ཚ་བོའམ་ཡེ་ཤུ་ཨའི་བུ་ཡོ་ཡ་ཀིམ་དང་འགོ་དཔོན་ནེ་ཧེམ་ཡཱ་དང་། མཆོད་དཔོན་དང་དྲུང་ཡིག་ཨེས་སི་རཱའི་དུས་སྐབས་སུ་དེ་ལྟར་ཡོད་པ་ཡིན་ནོ། །
མཁར་གྱང་ལེགས་འགྲུབ་ཀྱི་མཛད་སྒོ།
27 ཡང་ཡེ་རུ་སཱ་ལེམ་གྱི་མཁར་གྱང་གི་ཆེད་དུ་སྟོན་མོར་རོལ་དུས། མང་ཚོགས་ཀྱིས་ལེ་ཝི་པ་རྣམས་ཡེ་རུ་སཱ་ལེམ་དུ་བསྡུ་བར་དེ་དག་གི་ས་གནས་སོ་སོ་ནས་བཙལ་ཏེ། བཀའ་དྲིན་ཞུ་བ་དང་གླུ་ལེན་པ་དང་། སྦུག་ཆལ་རྡུང་བ། རྒྱུད་མངས་དང་པི་ཝང་དཀྲོལ་བ་བཅས་ཀྱིས་དགའ་སྤྲོའི་ངང་སྟོན་མོའི་མཛད་སྒོར་རོལ་ཏོ། །
28 དེ་ནས་མགུར་ལེན་མཁན་རྣམས་ཡེ་རུ་སཱ་ལེམ་གྱི་མཐའ་འཁོར་ནས་བསྡུས་ཏེ་ནེ་ཏོ་ཕཱ་པའི་གྲོང་ཚོ་དང་།
29 པེད་གིལ་གལ་དང་། གེ་བཱ་དང་ཨས་མ་ཝེད་ཀྱི་ཞིང་ས་ནས་འོངས། གང་ལ་ཞེ་ན། མགུར་ལེན་མཁན་རྣམས་ཀྱིས་ཡེ་རུ་སཱ་ལེམ་གྱི་ཉེ་འཁོར་དུ་རང་ཉིད་ཀྱི་ཕྱིར་གྲོང་ཚོ་རྣམས་བསྐྲུན་ཏོ། །
30 དེར་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་རང་ཉིད་གཙང་སྦྲ་བྱས་ཤིང་། འབངས་མི་ཡང་གཙང་སྦྲ་བྱས་པ་དང་། མཁར་སྒོ་དང་མཁར་གྱང་ལའང་གཙང་སྦྲ་བྱས་སོ། །
31 དེ་ནས་ངས་ཡ་ཧུ་དཱའི་འགོ་དཔོན་རྣམས་མཁར་གྱང་ཐོག་ཏུ་ཁྲིད་ནས། གཏང་རག་འབུལ་བའི་མགུར་ལེན་མཁན་རྣམས་རུ་ཁག་གཉིས་བྱས་ཏེ། རུ་ཁག་གཅིག་ནི་མཁར་གྱང་སྟེང་དུ་གཡས་ཕྱོགས་ཀྱི་ལྕི་བའི་སྒོ་ཡི་ཕྱོགས་སུ་ཕྱིན་ཏོ། །
32 དེ་དག་གི་རྗེས་ནས་འགྲོ་བ་ནི་ཧོ་ཤ་ཡཱ་དང་ཡ་ཧུ་དཱའི་འགོ་དཔོན་གྱི་ཕྱེད་ཀ་ཡོད་དོ། །
33 ཡང་ཨ་ཟར་ཡཱ་དང་། ཨེས་སི་རཱ་དང་། མཱེ་ཤུལ་ལིམ་དང་།
34 ཡ་ཧུ་དཱ་དང་། པེན་ཡཱ་མེན་དང་། ཤེ་མ་ཡཱ་དང་། ཡེ་རེམ་ཡཱ་བཅས་ཡོད་དོ། །
35 ད་དུང་མཆོད་དཔོན་གྱི་བུ་རྒྱུད་ལས་དུང་འབུད་མཁན་ནི་ཟཱ་ཀར་ཡ་ཡོད་དེ། ཟཱ་ཀར་ཡ་ནི་ཡོ་ནཱ་ཐན་གྱི་བུ་དང་། ཡོ་ནཱ་ཐན་ནི་ཤེ་མ་ཡཱའི་བུ་དང་། ཤེ་མ་ཡཱ་ནི་མད་ཐན་ཡཱའི་བུ་དང་། མད་ཐན་ཡཱ་ནི་མི་ཀ་ཡཱའི་བུ་དང་། མི་ཀ་ཡཱ་ནི་ཟག་ཀུར་གྱི་བུ་དང་། ཟག་ཀུར་ནི་ཨ་སབ་ཀྱི་བུའོ། །
36 ཡང་ཟཱ་ཀར་ཡ་ཡི་སྤུན་རྣམས་ནི། ཤེ་མ་ཡཱ་དང་། ཨ་ཟར་ཨེལ། མི་ལ་ལ་ཨི། གི་ལ་ལ་ཨི། མ་ཨ་ཨི། ནེ་ཐན་ཨེལ། ཡ་ཧུ་དཱ། ཧ་ནཱ་ནེ་བཅས་ཡོད་ལ། ཁོ་ཚོས་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱི་རོལ་ཆས་ཁུར་ཡོད། དེ་དག་གི་སྔོན་དུ་དྲུང་ཡིག་ཨེས་སི་རཱ་ཕྱིན་ཏོ། །
37 དེ་རྣམས་ཆུ་མིག་གི་སྒོ་ཞེས་པ་བརྒྱུད་དཱ་བིད་ཀྱི་གྲོང་ཁྱེར་གྱི་ཐེམ་སྐས་ནས་འཛེགས་ཏེ། མཁར་གྱང་གི་ངོས་ལ་ཡར་འགྲོ་ཞིང་། དཱ་བིད་ཀྱི་ཕོ་བྲང་ནས་ཤར་ཕྱོགས་ཀྱི་ཆུ་སྒོའི་བར་དུ་ཕྱིན་ཏོ། །
38 ཡང་མགུར་ལེན་མཁན་གྱི་རུ་ཁག་གཞན་དེ་ཁ་ཕྱིར་འཁོར་ནས་སོང་། བདག་དང་འབངས་མི་ཕྱེད་ཀ་མཁར་གྱང་སྟེང་ནས་དེ་དག་གི་རྗེས་འབྲངས་ནས་སོང་སྟེ། མེ་ཐབ་མཁར་ནས་མཁར་གྱང་ཞེང་ཆེན་བར་དུ་ཕྱིན་ཏོ། །
39 དེ་ནས་ཡང་ཨེ་ཕཱར་ཡིམ་གྱི་སྒོ་དང་། གནའ་སྒོ་དང་། ཉ་སྒོ་དང་། ཧ་ནན་ཨེལ་མཁར་དང་། ཧམ་མེ་ཨའི་མཁར་དང་། ལུག་སྒོའི་བར་དུ་ཕྱིན་ཏེ། སྲུང་སྒོར་ལངས་ནས་བསྡད་དོ། །
40 དེ་ནས་མགུར་ལེན་མཁན་རུ་ཁག་གཉིས་པོ་དཀོན་མཆོག་གི་མཆོད་ཁང་དུ་ལངས་ནས་བསྡད་པ་དང་། དེར་བདག་དང་འགོ་དཔོན་ཕྱེད་ཀ་ཡོད་པ་ཡིན།
41 ད་དུང་ཨེལ་ཡ་ཀིམ་དང་། མ་ཨ་སེ་ཡཱ། མིན་ཡ་མིན། མི་ཀ་ཡཱ། ཨེལ་ཡོ་ཨེ་ནཱ་ཨི། ཟཱ་ཀར་ཡ། ཧ་ནན་ཡཱ་བཅས་དུང་འབུད་མཁན་མཆོད་དཔོན་རྣམས་ཡོད་དོ། །
42 ཡང་མ་ཨ་སེ་ཡཱ་དང་ཤེ་མ་ཡཱ། ཨེ་ལི་ཨ་ཟར། ཨུ་ཟི། ཡེ་ཧོ་ཧ་ནན། མལ་ཀི་ཡཱ། ཨེ་ལཱམ་དང་ཨེ་བཟིར་བཅས་ཡོད། ཡང་མགུར་ལེན་མཁན་རྣམས་ཀྱིས་སྐད་ཆེན་པོས་མགུར་བླངས་ཤིང་། ཡིས་ར་ཧི་ཡཱ་ཡིས་ཁོ་ཚོར་དབུ་མཛད་བྱས་སོ། །
43 ཉིན་དེར་ཁོ་ཚོས་དམར་མཆོད་རྒྱ་ཆེན་པོ་ཕུལ་བ་དང་དཀོན་མཆོག་གིས་དེ་རྣམས་ལ་དགའ་སྤྲོ་ཆེན་པོ་དང་བདེ་སྐྱིད་གནང་། ཁོ་ཚོར་དགའ་སྤྲོས་ཁེངས་པ་དང་། བུད་མེད་དང་བྱིས་པའང་དགའ་སྤྲོས་ཁེངས། ཡེ་རུ་སཱ་ལེམ་གྱི་དགའ་སྤྲོའི་སྒྲ་ནི་རྒྱང་རིང་ནས་ཀྱང་ཐོས་པར་གྱུར་ཏོ། །
ལས་འགན་སྣ་ཚོགས་སླར་གསོ་བྱུང་བ།
44 ཉིན་དེར་མི་འགའ་ཞིག་མཛོད་ཁང་དུ་བདག་གཉེར་བྱེད་པར་མངགས་པ་དང་། འདེགས་མཆོད་དང་། སྐྱེ་དངོས་ཀྱི་ཐོག་ཕུད་དང་། བཅུ་ཆའི་གཅིག་བླངས་པ་ནི་ཞལ་འདེབས་སུ་འབུལ་བ་དང་། གྲོང་རྡལ་སོ་སོའི་ཞིང་ས་ལྟར་དང་བཀའ་ཁྲིམས་ནང་བཞིན་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱི་སྐལ་དེ་མཛོད་ཁང་དུ་བསྡུས། ཡ་ཧུ་དཱ་པ་ནི་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱི་ཞབས་ཏོག་ལ་དགའ་བར་གྱུར་ཏོ། །
45 མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་དཀོན་མཆོག་གི་བཀའ་བརྩིས་ཏེ་གཙང་སྦྲ་བྱས་པ་དང་། མགུར་ལེན་མཁན་དང་སྒོ་སྲུང་རྣམས་ཀྱིས་ཀྱང་དཱ་བིད་དང་ཁོའི་བུ་སོ་ལོ་མོན་གྱི་བཀའ་ནང་བཞིན་བསྒྲུབས་སོ། །
46 གང་ལ་ཞེ་ན། གནའ་སྔ་མོར་དཱ་བིད་དང་ཨ་སབ་ཀྱི་དུས་སྐབས་སུ་མགུར་ལེན་མཁན་རྣམས་ལ་དབུ་མཛད་ཡོད་པ་དང་། དཀོན་མཆོག་ལ་བསྟོད་པ་དང་བཀའ་དྲིན་འབུལ་བའི་མགུར་ཡང་ཡོད་དོ། །
47 དེ་ཡང་ཟེ་རུ་པཱ་པེལ་དང་ནེ་ཧེམ་ཡཱའི་དུས་སྐབས་སུ། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་མགུར་ལེན་མཁན་དང་སྒོ་སྲུང་རྣམས་ལ་ཉིན་རེ་བཞིན་སྐལ་སྦྱིན་པ་དང་། ཡང་ལེ་ཝི་པ་རྣམས་ཀྱི་སྐལ་ལོགས་སུ་བཀར་བ་དང་། ལེ་ཝི་པ་རྣམས་ཀྱིས་ཀྱང་ཨ་རོན་གྱི་བུ་རྒྱུད་ཀྱི་སྐལ་ལོགས་སུ་བཀར་བའོ། །