ལེའུ་ཉེར་ལྔ་པ།
ཡེས་ར་ཨེལ་པས་ཕེ་ཨོར་ཡུལ་གྱི་ལྷ་པཱ་ཨལ་བསྟེན་པ།
1 དེ་ཡང་ཡེས་ར་ཨེལ་པ་རྣམས་སིད་ཏིམ་ཡུལ་དུ་བསྡད་ཅིང་། མི་ཚོགས་ཀྱིས་མོ་ཨབ་ཀྱི་བུད་མེད་ཚོར་ལོག་གཡེམ་བྱས།
2 བུད་མེད་དེ་དག་གིས་ཡེས་ར་ཨེལ་པ་རྣམས་བོས་ཡོང་ནས་མཉམ་དུ་རང་གི་ལྷ་རྣམས་ལ་མཆོད་པ་འབུལ་དུ་བཅུག་ཅིང་། ཡེས་ར་ཨེལ་པ་རྣམས་ཀྱིས་ཀྱང་བཟའ་བཏུང་སྤྱད་པ་དང་ཁོ་ཚོའི་ལྷ་རྣམས་ལ་ཕྱག་བཙལ་ཏོ། །
3 ཡེས་ར་ཨེལ་པ་རྣམས་ཀྱིས་པཱ་ཨལ་ཕེ་ཨོར་དང་མཉམ་འབྲེལ་བྱས་པས། དཀོན་མཆོག་ཡ་ཝཱེ་ཡེས་ར་ཨེལ་པའི་སྟེང་ཐུགས་ཁྲོས་སོ། །
4 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཡ་ཝཱེའི་ཐུགས་ཁྲོ་ཞི་བར་གྱུར་ནས་ཡེས་ར་ཨེལ་པ་རྣམས་ལ་ཐུགས་རབ་ཏུ་མི་ཁྲོ་བའི་ཕྱིར་དུ། མི་རྣམས་ཀྱི་འགོ་དཔོན་ཐམས་ཅད་བཟུང་སྟེ་ཡ་ཝཱེའི་མདུན་དུ་ཁ་ཉི་མར་གཏད་ནས་དཔྱོངས་ཤིག་ཅེས་གསུངས།
5 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་གྱི་ཁྲིམས་དཔོན་རྣམས་ལ་འདི་ལྟར། ཁྱོད་རྣམས་རེ་རེས་པཱ་ཨལ་ཕེ་ཨོར་དང་མཉམ་འབྲེལ་བྱས་པའི་མི་དེ་དག་སོད་ཅིག་ཅེས་སྨྲས་སོ། །
6 དེ་ནས་མོ་ཤེ་དང་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཡོངས་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་ངུ་བའི་སྐབས་སུ། ཀྱེ་ཧོ། ཡེས་ར་ཨེལ་པ་རྣམས་ལས་མི་ཞིག་གིས་ཁོ་རྣམས་ཀྱི་མཐོང་སར་མིད༌ཡཱན་པའི་བུད་མེད་ཅིག་རང་གི་སྤུན་རྣམས་ཀྱི་རྩར་ཁྲིད་ནས་སོང་།
7 དེ་ནས་མཆོད་དཔོན་ཨ་རོན་གྱི་ཚ་བོ་སྟེ་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་ཡིས་དེ་མཐོང་མ་ཐག མི་ཚོགས་ཀྱི་དཀྱིལ་ནས་ལངས་ཏེ་ལག་ཏུ་མདུང་ཞིག་ཐོགས་པ་དང་།
8 ཡེས་ར་ཨེལ་པ་དེའི་རྗེས་འབྲངས་ནས་གུར་ནང་དུ་འཛུལ་ཏེ་ཁོ་དང་བུད་མེད་དེ་གཉིས་ལ་བསྣུན་ནས་ཕུག་པ་དང་། མདུང་ནི་བུད་མེད་དེའི་གྲོད་ཁོག་ནང་ལ་ཟུག དེ་ནས་ཡེས་ར་ཨེལ་པའི་ཁྲོད་དུ་གཉན་ནད་མེད་པར་གྱུར་ཏོ། །
9 སྐབས་དེར་གཉན་ནད་ལས་ཤི་བའི་མི་གྲངས་བསྡོམས་པས་ཉིས་ཁྲི་བཞི་སྟོང་ཡོད་དོ། །
10 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
11 མཆོད་དཔོན་ཨ་རོན་གྱི་ཚ་བོ་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་ཡིས་ཡེས་ར་ཨེལ་པའི་ཁྲོད་དུ་བདག་གི་འཁུར་ཞེན་སེམས་སུ་བཅངས་པས། བདག་གི་ཁོང་ཁྲོ་ཁོ་རྣམས་ཀྱི་སྟེང་ནས་བསྒྱུར། དེས་བདག་ལ་འཁུར་ཞེན་དང་བཅས་ཡེས་ར་ཨེལ་པ་རྣམས་མེད་པར་མི་བཟོ་བར་བྱས།
12 དེའི་ཕྱིར་ཁྱོད་ཀྱིས་འདི་ལྟར། ལྟོས་དང་ད་ལྟ་བདག་གིས་ཞི་བདེའི་ཞལ་ཆད་ཁོ་ལ་སྦྱིན་པར་བྱ་ཞིང་།
13 ཁོ་དང་ཁོའི་རིགས་རྒྱུད་རྣམས་ཀྱིས་དུས་གཏན་དུ་མཆོད་དཔོན་གྱི་ལས་འགན་འཁུར་བའི་ཞལ་ཆད་དུ་འགྱུར་ཏེ། ཅི་ལ་ཞེ་ན། ཁོ་ལ་རང་གི་དཀོན་མཆོག་གི་ཕྱིར་དུ་འཁུར་ཞེན་དང་ལྡན་ཞིང་། ཡེས་ར་ཨེལ་པ་རྣམས་ལ་སྡིག་བཤགས་བྱས་པའི་ཕྱིར་ཡིན་ཞེས་སྨྲོས་ཤིག་གསུངས་སོ། །
14 མིད༌ཡཱན་པའི་བུད་མེད་དེ་དང་མཉམ་དུ་བསད་པའི་ཡེས་ར་ཨེལ་པ་དེའི་མིང་ནི་སཱ་ལུ་བྱ་བའི་བུ་ཟིམ་རེ་ཡིན་པ་དང་། སི་མུ་ཨོན་ཚོ་པའི་ཁྱིམ་རྒྱུད་ཅིག་གི་འགོ་དཔོན་ཡིན།
15 བསད་པར་གྱུར་པའི་མིད༌ཡཱན་པའི་བུད་མེད་དེའི་མིང་ལ་ཀོ་ཟི་པེ་ཟེར་ཞིང་ཙུར་བྱ་བའི་བུ་མོ་ཡིན་ལ། ཙུར་ནི་མིད་ཡཱན་པའི་ཁྱིམ་རྒྱུད་ཅིག་གི་འགོ་དཔོན་ཡིན་ནོ། །
16 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
17 ཁྱོད་ཀྱིས་མིད༌ཡཱན་པ་རྣམས་དགྲ་རུ་བཟུང་ནས་དེ་དག་སོད་ཅིག
18 ཅི་ལ་ཞེ་ན། དེ་དག་གིས་ཁྱོད་ལ་བརྙས་བཅོས་བྱས་ནས་ཕེ་ཨོར་གྱི་དོན་དུ། མིད་ཡཱན་པའི་འགོ་དཔོན་གྱི་བུ་མོ་ཀོ་ཟི་པེའི་དོན་གྱི་སྟེང་དུ་གཡོ་སྒྱུའི་སྦྱོར་བ་སྤེལ་ནས་ཁྱོད་རྣམས་ལ་སླུ་བྲིད་བཏང་། དེ་བས་ཀོ་ཟི་པེ་ནི་གཉན་ནད་ཀྱི་ཉིན་མོར་ཕེ་ཨོར་གྱི་དོན་དག་གི་རྐྱེན་གྱིས་བསད་པའོ་ཞེས་གསུངས་སོ། །