༄༅། །ལུང་སྟོན་པ་ཨོ་བད་ཡཱའི་མདོ།
ལུང་སྟོན་པ་ཨོ་བད་ཡཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨོ་བད་ཡཱ་ཞེས་པ་ནི་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་ཞེས་པའི་དོན་ཡིན། ལུང་བསྟན་གྱི་བརྗོད་བྱ་ནི་གནའ་བོའི་ཨེ་དོམ་དང་ཡེས་ར་ཨེལ་གཉིས་ཀྱི་ཕ་གཞིས་བར་གྱི་རྩོད་གཞི་ཞིག་ཡིན། ཨེ་དོམ་པ་རྣམས་ཨེ་སཱབ་ཀྱི་རིགས་རྒྱུད་ཡིན་ལ། ཁོ་ཚོས་ཡེས་ར་ཨེལ་པ་རྣམས་ལ་འཁོན་སེམས་བཅངས། ཅི་ལ་ཞེ་ན། སྔོན་ཆད་ཡ་ཀོབ་ཀྱིས་རང་གི་ཕུ་བོ་ཨེ་སཱབ་ལ་མགོ་གཡོགས་ནས་ཁོའི་རྒྱུ་སྐལ་རང་ལ་ཐོབ་པར་བྱས་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
གཞུང་འདི་ཡི་གེར་འགོད་མཁན་ཨོ་བད་ཡཱ་ཡིན། གཞུང་འདི་དུས་ནམ་ཞིག་དང་ཡུལ་གང་ཞིག་ནས་བཀོད་པའི་ལོ་ཚིགས་གསལ་པོ་མེད་ན་ཡང་། མཁས་པ་རྣམས་ལ་བཞེད་ཚུལ་མི་གཅིག་པ་གཉིས་བྱུང་ཡོད། གཅིག་ནི་སྤྱི་ལོ་སྔོན་གྱི་853ནས་841ལོའི་བར་ཙམ་ཡིན་པར་གསུངས། གོང་གི་ལོ་ཚིགས་དེ་གཉིས་རྒྱལ་པོ་ཡེ་ཧོ་རཱམ་གྱིས་རྒྱལ་སྲིད་སྐྱོང་བའི་སྐབས་ཏེ། ༼རྒྱལ་རབས་གཉིས་པའི་ལེའུ་བརྒྱད་པའི་ཚིག་རྐང་ཉི་ཤུ་ནས་ཉེར་གཉིས་བར་དུ་གསལ།༽ ཕེ་ལེ་ཤེད་པ་དང་ཨ་རབ་པས་ཡེ་རུ་སཱ་ལེམ་ལ་བཙན་འཛུལ་བྱས་པའི་དུས་དང་། གཞུང་འདིའི་ནང་གི་ཚིག་རྐང་བཅུ་གཅིག་པ་ནས་བཅུ་བཞི་པའི་བར་གྱི་དོན་དག་རྣམས་ཕན་ཚུན་འབྲེལ་བ་ཡོད་པས་དེ་ལ་ཁུངས་གཏུགས་ཡོད། གཞུང་འདི་ཡི་གེར་བཀོད་པའི་ལོ་ཚིགས་ཀྱི་བཞེད་ཚུལ་གཉིས་པ་ནི་ཡ་ཧུ་དཱ་པ་རྣམས་བཙན་ཁྲིད་བྱས་པའི་སྐབས་ཡིན་པར་གསུངས། དེ་ནི་པཱ་པེལ་ལོན་གྱི་དམག་ཡོང་ནས་ཡེ་རུ་སཱ་ལེམ་༼སྤྱི་ལོ་སྔོན་གྱི་605ནས་586ལོའི་བར་དུ་བྱུང་།༽ལ་བཙན་འཛུལ་བྱས་པའི་དུས་སྐབས་ཡིན་ལ། གཞུང་འདིར་བཀོད་པའི་ཚིག་རྐང་བཅུ་གཅིག་པ་ནས་བཅུ་བཞི་པའི་བར་གྱི་དོན་དག་རྣམས་དང་ཡང་འབྲེལ་བ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདིའི་བརྗོད་བྱའི་སྙིང་པོ་ནི་ཨེ་དོམ་པ་ཚོ་རང་ཉིད་ཀྱི་བདེ་འཇགས་ལ་ང་རྒྱལ་སྐྱེས་པ་དང་། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་གཞན་པ་ཚོའི་དམག་ཤུགས་ཀྱིས་ཡེས་ར་ཨེལ་པ་རྣམས་རྩ་གཏོར་བཏང་བའི་དུས་སུ། ཨེ་དོམ་པ་རྣམས་ཀྱིས་དཀོན་མཆོག་གི་མི་རྣམས་ལ་མཐོང་ཆུང་དང་འཕྱ་དགོད་བྱས། འོན་ཀྱང་ཨེ་དོམ་པ་ཚོས་དཀོན་མཆོག་གི་མི་རྣམས་ལ་གོད་ཆག་བྱུང་དུས་དེ་དག་ལ་འཕྱ་དམོད་བྱས་པས་དཀོན་མཆོག་ཐུགས་ཁྲོས་ནས་ཨེ་དོམ་པ་རྣམས་ལ་ཉེས་ཆད་གཅོད་པར་འགྱུར། ཨེ་དོམ་པ་རྣམས་འཇིག་པར་འགྱུར་མོད། འོན་ཀྱང་རི་བོ་ཛ་ཡན་དུ་ཡོད་པའི་ཡ་ཧུ་དཱ་པ་དང་ཡེས་ར་ཨེལ་པ་རྣམས་ལ་ཐར་པ་འཐོབ་པར་མ་ཟད། དཀོན་མཆོག་གི་རྒྱལ་སྲིད་རྣམ་པར་རྒྱལ་བར་འགྱུར།
འཆར་ཟིན།
1. ཨེ་དོམ་པ་རྣམས་རྩ་བ་ནས་འཇིག་པར་འགྱུར་བ། ༼1-14༽
2. དཀོན་མཆོག་ཡ་ཝཱེའི་ཉིན་མོའི་དུས་ཀྱི་ཨེ་དོམ་པ་རྣམས། ༼15-21༽
1
ཨོ་བད་ཡཱས་མཐོང་བའི་ཞལ་གཟིགས།
1 ཨོ་བད་ཡཱས་མཐོང་བའི་ཞལ་གཟིགས་ནི། གཙོ་བོ་ཡ་ཝཱེས་ཨེ་དོམ་གྱི་སྐོར་ལ་བཀའ་གནང་ཞིང་། ང་ཚོས་དཀོན་མཆོག་ཡ་ཝཱེ་ནས་འཕྲིན་ཞིག་ཐོས་ཏེ། ཕོ་ཉ་ཞིག་མི་རིགས་དེ་དག་གི་ཁྲོད་དུ་མངགས་ནས་དེ་དག་ལ། ཡར་ལོངས་དང་། ངེད་རྣམས་ཡར་ལངས་ནས་ཨེ་དོམ་དང་འཐབ་དུ་འགྲོའོ་ཞེས་སྨྲས་སོ། །
2 ལྟོས་ཤིག བདག་གིས་ཨེ་དོམ་ཁྱོད་ནི་མི་རིགས་རྣམས་ཀྱི་ཁྲོད་དུ་ཉམ་ཞན་དུ་འགྱུར་བར་བྱ་ཞིང་། མི་ཡིས་ཁྱོད་ལ་མཐོང་ཆུང་དཔེ་མེད་བྱེད་པར་འགྱུར་རོ། །
3 བྲག་ཕུག་དང་མཐོ་སར་གནས་པ་ཁྱོད་ནི་རང་སེམས་ཀྱི་ང་རྒྱལ་གྱིས་བསླུས་ཏེ། སེམས་ལ་སུ་ཞིག་གིས་ང་རང་དམའ་སར་འབེབ་ནུས་སམ་ཞེས་སྨྲའོ། །
4 ཇི་སྟེ་ཁྱོད་ནི་གླག་ལྟར་ནམ་མཁའི་དབྱིངས་སུ་འཕུར་ཏེ། སྐར་ཚོགས་ཀྱི་དབུས་སུ་ཚང་བཅོས་ནའང་། བདག་གིས་ཁྱོད་ནི་དེ་ལས་མར་འབེབ་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས།
5 གལ་ཏེ་ཁྱོད་ཀྱི་གནས་སུ་རྐུན་པོ་སླེབས་པའམ་མཚན་མོར་ཇག་པ་རྣམས་འོངས་ན། དེ་དག་གིས་རང་ལ་དགོས་འདོད་པ་འབའ་ཞིག་བརྐུ་བ་མ་ཡིན་ནམ། གལ་ཏེ་རྒུན་འབྲུམ་འཐོག་མཁན་ཁྱོད་ཀྱི་རྩར་འོངས་ན། དེ་དག་གིས་རྒུན་འབྲུམ་ཁ་ཤས་བསྐྱུར་བ་མ་ཡིན་ནམ། ཡིན་ནའང་ཁྱོད་ནི་མེད་པར་བཟོའོ། །
6 ཨེ་སཱབ་ལ་སྔོག་གཤེར་བྱས་ནས་དེས་སྦས་པའི་ནོར་རྣམས་ཕྱུང་བར་འགྱུར།
7 ཁྱོད་དང་ཁ་ཆད་བཞག་པ་རྣམས་ཀྱིས་ཁྱོད་ནི་ས་མཚམས་བར་དུ་སྐྲོད་ཅིང་། ཁྱོད་དང་འཆམ་པ་རྣམས་ཀྱིས་ཁྱོད་རང་བསླུས་ཏེ་ཁྱོད་ལས་རྒྱལ། ཁྱོད་དང་ལྷན་ཅིག་ཏུ་ཟས་སྤྱད་པ་རྣམས་ཀྱིས་ཁྱོད་ལ་རྙི་བཙུགས་ནའང་ཁྱོད་ཀྱིས་དེ་མི་ཤེས་སོ། །
8 ཉིན་མོ་དེ་སླེབས་དུས་སུ། བདག་གིས་ཨེ་དོམ་ཡུལ་ནས་མཁས་པ་རྣམས་དང་། ཨེ་སཱབ་རི་བོ་ལས་གྲུང་པོ་རྣམས་མེད་པར་མི་བཟོའམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
9 ཀྱེ་ཐེ་མཱན། ཁྱོད་ཀྱི་དཔའ་བོ་རྣམས་ནི་འཇིགས་པར་འགྱུར་ངེས་ཏེ། ཨེ་སཱབ་རི་བོར་གནས་པ་རྣམས་རེ་རེ་བཞིན་སྲོག་དང་འབྲལ་བར་འགྱུར་རོ། །
10 ཁྱོད་ཀྱིས་རང་གི་གཅུང་པོ་ཡ་ཀོབ་ལ་དྲག་གནོན་བྱས་པས། ཁྱོད་རང་ངོ་ཚ་བར་འགྱུར་ལ་ཇི་སྲིད་བར་དུ་མེད་པར་བཟོའོ། །
11 མི་རིགས་གཞན་རྣམས་ཀྱིས་ཡ་ཀོབ་ཀྱི་རྒྱུ་ནོར་འཕྲོག་པ་དང་། ཕྱི་ཕྱོགས་པ་རྣམས་དེའི་མཁར་སྒོ་ནང་དུ་འཛུལ་ཏེ། ཡེ་རུ་སཱ་ལེམ་གྱི་ཕྱིར་རྒྱན་འཕངས་ནས་རྒྱུ་ནོར་བགོ་བའི་དུས་སུ། ཁྱོད་ནི་དེ་དག་གི་གམ་དུ་ལངས་བསྡད་ནས་དེ་ཚོའི་ཕྱོགས་མཐུན་ཡིན་པ་འདྲ།
12 ཁྱོད་ཀྱི་གཅུང་པོ་སྡུག་བསྔལ་གྱིས་མནར་དུས་ཁྱོད་ཀྱིས་དེར་བལྟས་ནས་སྡོད་ག་ལ་རུང་། ཡ་ཧུ་དཱ་པ་རྣམས་འཇིག་པའི་ཉིན་མོར་ཁྱོད་ནི་དགའ་བར་མི་འོས་ལ། དེ་ཚོ་སྡུག་བསྔལ་གྱིས་མནར་བའི་དུས་སུ་ཁྱོད་ཀྱིས་ང་རྒྱལ་གྱི་གཏམ་སྨྲ་མི་འོས་སོ། །
13 ངའི་མི་རིགས་ལ་ཆག་སྒོ་འབྱུང་དུས་སུ་ཁྱོད་ནི་དེ་ཚོའི་མཁར་སྒོ་ནང་དུ་འཛུལ་ག་ལ་རུང་། དེ་དག་ལ་ཆག་སྒོ་འབྱུང་དུས་ཁྱོད་ཀྱིས་དེ་ཚོས་སྡུག་བསྔལ་མྱང་བར་བལྟས་ནས་སྡོད་ག་ལ་རུང་། ཡང་དེ་དག་ལ་ཆག་སྒོ་འབྱུང་དུས་ཁྱོད་ཀྱིས་ལག་པ་བརྐྱངས་ནས་དེ་ཚོའི་ནོར་རྫས་འཕྲོག་མི་འོས་སོ། །
14 དེ་དག་སྡུག་བསྔལ་གྱིས་མནར་དུས། ཁྱོད་ནི་བཞི་མདོར་ལངས་བསྡད་ནས་དེ་དག་གི་བྲོས་ནས་ཐར་བའི་མི་རྣམས་ཀྱི་སྲོག་གཅོད་པའམ། དེ་དག་གི་ལྷག་ལུས་རྣམས་དགྲ་ལག་ཏུ་སྤྲོད་མི་འོས།
དཀོན་མཆོག་ཡ་ཝཱེས་མི་རིགས་ཀུན་ལ་ཉེས་ཆད་གཅོད་པ།
15 དཀོན་མཆོག་ཡ་ཝཱེའི་ཉིན་མོ་མི་རིགས་ཀུན་གྱི་སྟེང་དུ་འབྱོན་ཉེ་སྟེ། ཁྱོད་ཀྱིས་ཅི་བྱས་པ་བཞིན་དུ་མི་ཡིས་ཀྱང་ཁྱོད་ལ་དེ་ལྟར་བྱའོ། །ཁྱོད་ཀྱི་ལས་རྣམས་ཕྱིར་ཁྱོད་རང་གི་མགོར་འབབ་པར་འགྱུར།
16 ཁྱོད་ཀྱིས་ངའི་རི་བོ་དམ་པར་སྐྱོ་བའི་ཕོར་བ་ལས་བཏུངས་པ་བཞིན་དུ། མི་རིགས་ཀུན་གྱིས་རྟག་ཏུ་འཐུང་བར་འགྱུར། དེ་དག་གིས་བཏུངས་ནས་མིད་པར་བྱ་ཞིང་། ཡོད་ཚད་ནམ་ཡང་ཡོད་མ་མྱོང་བ་ལྟར་འགྱུར་རོ། །
17 འོན་ཀྱང་རི་བོ་ཛ་ཡན་དུ་ཐར་བའི་མི་རྣམས་གནས་ཤིང་། རི་དེ་ནི་དམ་པར་འགྱུར་ལ། ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལ་སྔར་གྱི་ནོར་སྐལ་འཐོབ་པར་འགྱུར།
18 དེ་ནས་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ནི་མེ་དང་། ཡོ་སེབ་ཀྱི་ཁྱིམ་རྒྱུད་ནི་མེ་ལྕེ་དང་། ཨེ་སཱབ་ཀྱི་ཁྱིམ་རྒྱུད་ནི་སོག་རོར་གྱུར་ཏེ། མེ་སྦར་ནས་མེད་པར་བྱ་ཞིང་། ཨེ་སཱབ་ཀྱི་ཁྱིམ་རྒྱུད་ལས་སུ་ཡང་ལུས་པར་མི་འགྱུར་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། །
19 ཡང་ནེ་གུབ་ཡུལ་གྱི་མི་རྣམས་ལ་ཨེ་སཱབ་ཀྱི་རི་བོ་འཐོབ་ཅིང་། རི་ཀླུང་གི་མི་རྣམས་ལ་ཕེ་ལེ་ཤེད་ཀྱི་ཡུལ་རྣམས་དབང་བ་དང་། ཡང་དེ་དག་ལ་ཨེ་ཕཱར་ཡིམ་གྱི་ས་དང་སཱ་མར་ཡའི་ས་རྣམས་ཀྱང་འཐོབ་པར་འགྱུར་ལ། པེན་ཡཱ་མེན་པ་རྣམས་ལ་གིལ་ཨད་འཐོབ་པར་འགྱུར།
20 ཡང་ཡེས་ར་ཨེལ་པ་རྣམས་ལས་བཙོན་དུ་ཁྲིད་ཡོད་པ་ཐམས་ཅད་ལ་ཀ་ན་ཨན་ཡུལ་ནས་སཱ་རེ་ཕད་ཀྱི་བར་དུ་དང་། སེ་ཕ་རཱད་དུ་ཡོད་པའི་ཡེ་རུ་སཱ་ལེམ་ནས་བཙོན་དུ་ཁྲིད་པ་རྣམས་ལ་ནེ་གུབ་ཡུལ་གྱི་གྲོང་ཁྱེར་རྣམས་འཐོབ་པར་འགྱུར།
21 ཡང་སྐྱོབ་མཁན་རྣམས་རི་བོ་ཛ་ཡན་གྱི་སྟེང་དུ་ཡར་ཕྱིན་ཏེ་ཨེ་སཱབ་རི་ལ་ཁྲིམས་ཐག་གཅོད་པར་འགྱུར་ལ། རྒྱལ་སྲིད་ནི་དཀོན་མཆོག་ཡ་ཝཱེར་དབང་ངོ་།། །།