༄༅།།ལེགས་བཤད་ཀྱི༌མདོ།
ལེགས་བཤད་ཀྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
དམ་པའི་གསུང་རབ་ཀྱི་ལེགས་བཤད་མང་ཆེ་ཤོས་བསྡུས་བརྗོད་བྱས་ཡོད་པར་མ་ཟད་ཞིབ་ཚགས་ལྡན་པ་ཞིག་ཀྱང་ཡིན། དེ་ཡང་མིའི་སྤྱོད་ལམ་གྱི་བདེན་ལུགས་སྐོར་ནན་གྱིས་བརྗོད་ཡོད། ལེགས་བཤད་ཀྱི་སྤྱིའི་ཁྱད་ཆོས་ཤིག་ནི་སྐད་ཡིག་གི་རྒྱན་ཚིག་བཀོལ་ཡོད་པ་དེ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
གཞུང་འདིའི་འགོ་ནས་སོ་ལོ་མོན་གྱི་ལེགས་བཤད་ཅེས་གསུངས་ཡོད་ནའང་། ཁོང་ནི་གཞུང་འདི་ཡི་གེར་འགོད་མཁན་འབའ་ཞིག་མིན་པ་དེ་ལེའུ་ཕྱི་མ་རྣམས་སུ་གསལ་པོར་ངེས། ཡིན་ན་ཡང་གཞུང་འདིའི་ལེགས་བཤད་མང་ཆེ་ཤོས་ཡི་གེར་འགོད་མཁན་སོ་ལོ་མོན་ཡིན་པ་དང་། ལེགས་བཤད་དེ་དག་ཡེས་ར་ཨེལ་གྱི་རྒྱལ་ཁམས་གཅིག་གྱུར་ཡིན་པའི་དུས་སྐབས་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པ་ནས་བྱུང་བ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ལེའུ་དང་པོའི་ཚིག་རྐང་དང་པོ་ནས་བདུན་པའི་བར་གྱི་བརྗོད་གཞི་ལྟར་ན། ལེགས་བཤད་ཀྱི་གཞུང་ནི་གཞོན་སྐྱེས་བླུན་པོ་རྣམས་ལ་བློ་གྲོས་སྩོལ་བ་དང་། གཞོན་ནུ་རྣམས་ལ་ཤེས་བྱ་དང་རྣམ་དཔྱོད་རྒྱས་པའི་སྐོར་ཡིན། དེ་ནི་ལེའུ་དང་པོའི་ཚིག་རྐང་བཞི་པ་ནས་དྲངས་པ་དང་། མཁས་པ་རྣམས་ནི་ཤིན་ཏུ་མཁས་པར་བྱེད་པའི་ཆེད་དུ་ཡི་གེར་བཀོད་པ་བཅས་ཡིན། དེའི་སྐོར་ལེའུ་དང་པོའི་ཚིག་རྐང་ལྔ་པའི་ནང་གསལ། སྤྱིར་མཁས་པར་འགྱུར་བ་དང་རྨོངས་པའི་སེམས་ལ་ཇི་ལྟར་གཡོལ་བར་རྟོགས་པ་བཅས་ཀྱིས་བདེ་ཐང་དང་འཇོན་ཐང་ཅན་དུ་འཁྲིད་པར་འགྱུར། ལེགས་བཤད་ཀྱི་གཞུང་འདི་ནི་ཁ་ཡོད་ལག་ཡོད་ཀྱི་འཚོ་བ་དང་འབྲེལ་བའི་བསྟན་བཅོས་ཤིག་ཡིན་ནའང་། ཤེས་རབ་ཀྱི་རྩ་བ་ནི་དཀོན་མཆོག་ལ་གུས་ཤིང་འཇིགས་དགོས་པ་རེད། དེའི་སྐོར་ལེའུ་དང་པོའི་ཚིག་རྐང་བདུན་པའི་ནང་གསལ།
འཆར་ཟིན།
1. དམིགས་ཡུལ་དང་བརྗོད་གཞིའི་སྐོར། ༼1:1-7༽
2. ཁྱད་དུ་འཕགས་པའི་ཤེས་རབ་ཀྱི་སྐོར། ༼1:8-9:18༽
3. རྒྱལ་པོ་སོ་ལོ་མོན་གྱི་ལེགས་བཤད་རྣམས། ༼10:1-22:16༽
4. མཁས་པའི་ངག་རྒྱུན། ༼22:17-24:34༽
5. རྒྱལ་པོ་སོ་ལོ་མོན་གྱི་ལེགས་བཤད་གཞན་དག ༼25:1—29:27༽
6. ཨ་གུར་དང་ལེ་མུ་ཨེལ་ཞེས་བྱ་བ་གཉིས་ཀྱི་ངག་རྒྱུན་གྱི་སྐོར། ༼30:1-31:9༽
7. ཕུལ་དུ་བྱུང་བའི་ཆུང་མའི་སྐོར། ༼31:10-31༽
ལེའུ་དང༌པོ།
ལེགས་བཤད་ཀྱི་རིན༌ཐང༌།
1 ཡེས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་སྲས་སོ་ལོ་མོན་གྱི་ལེགས་བཤད་ནི་འདི་ལྟ༌སྟེ།
2 མི་ལ་ཤེས་རབ་འཐོབ་ཆེད༌དང༌། །དེ་ནས་གདམས་ངག་རྟོགས་ཕྱིར༌དང༌། །གཞན་ཡང་བརྗོད་པའི་ལེགས་ཉེས༌ཀྱི། །དབྱེ་བ་གསལ་ཞིང་གསལ་ཕྱིར༌དང༌།།
3 དྲང་བདེན་དྲང་གཞག་གཟུ་བོའི་བློར་གནས༌ཏེ། །ཤེས་རབ་བསླབ་བྱ་དང་དུ་ལེན་ཆེད༌དང༌།།
4 བླུན་པོ་དག་ནི་ཧ་ཅང་བློ་གྲོས་ལྡན་པ༌དང༌། །གཞོན་ནུ་རྣམས་ལ་ཤེས་བྱ་རྣམ་དཔྱོད་འཐོབ་ཕྱིར༌རོ།།
5 མཁས་པས་ཐོས་ན་ཤིན་ཏུ་མཁས་པར་འགྱུར་བ་དང༌། །བློ་གྲོས་ཅན་གྱིས་ཇུས་བཟང་རྙེད་པར་འགྱུར་ངེས༌ཡིན།།
6 ལེགས་པར་བཤད་དང་དཔེ་ཡི་འགྲེལ་བ༌དང༌། །མཁས་པའི་གསུང་དང་གབ་ཚིག་རྟོགས་ཕྱིར༌རོ།།
7 ཡ་ཝཱེ་ཁོང་ལ་གུས་ཤིང་འཇིགས་པ༌ནི། །ཤེས་ཡོན་ཀུན་གྱི་ཐོག་མ་ཡིན༌པ་འོ། །འོན་ཀྱང་བླུན་པོ་དག་གིས་ཤེས་རབ༌དང༌། །གདམས་ངག་གཉིས་པོ་ཁྱད་དུ་གསོད་པར༌བྱེད།།
ན་གཞོན་རྣམས་ལ་གནང་བའི་བསླབ༌བྱ།
8 ཀྱེ་ཀྱེ་བདག་གི་བུ་ཁྱོད༌ཀྱིས། །རང་གི་ཕ་ཡི་བཀའ་ལ༌ཉོན། །མ་ཡི་བསླབ་བྱ་འདོར་མི༌བྱ།།
9 འདི་གཉིས་ཁྱོད་ཚོའི་མགོ་ཐོག༌གི །ཐུགས་རྗེའི་ཟིལ་ལྡན་གཙུག་རྒྱན༌དང༌། །མཇིང་པའི་མགུལ་རྒྱན་ཡིན་ལགས༌སོ།།
10 ཀྱེ་ཀྱེ་བདག་གི་བུ་ཁྱོད༌ཀྱིས། །གལ་སྲིད་སྡིག་ཅན་རྣམས་ཀྱིས༌ཁྱོད། །བསླུ་བར་བྱེད་ན་དེར་མ༌བསྟུན།།
11 གལ་ཏེ་ཁོ་ཚོས་འདི་ལྟར༌དུ། །ངེད་དང་མཉམ་དུ་ཤོག་ཅིག༌དང༌། །གཞན་གྱི་ཁྲག་ནི་བཞུར་བའི༌ཕྱིར། །ལྐོག་ནས་སྒུག་སྟེ་སྡོད་པར༌བྱ། །ཉེས་མེད་མི་ལ་དོན་མེད༌དུ། །འཚེ་བའི་ཕྱིར་དུ་འཇབ་པར༌བྱ།།
12 དེ་དག་གཤིན་ཡུལ་ཚུལ་དུ༌དང༌། །དོང་ནང་འགྲིལ་མཁན་དང་མཚུངས༌པར། །ཡོངས་སུ་གསོན་པོར་ཁྱུར་མིད༌གཏོང༌།།
13 དེ་ནས་རིན་ཆེན་སྣ་ཚོགས༌ནི། །ང་ཚོར་འཐོབ་ཅིང་རང་ཁྱིམ༌ལ། །བཅོམ་ནོར་གྱིས་ནི་འགེང་བར༌བྱ།།
14 ཁྱོད་རང་ང་ཚོའི་གྲས་སུ༌ཞུགས། །རང་ཅག་ཀུན་པོས་དངུལ་ཁུག༌གཅིག །སྤྱོད་པར་འགྱུར་རོ་ཞེས་ཟེར༌ན།།
15 ཀྱེ་ཀྱེ་བདག་གི་བུ་ཁྱོད༌རང༌། །དེ་ཚོར་གཤིབ་སྟེ་མི་འགྲོ༌ཞིང༌། །རྐང་པ་ལམ་དེར་སྤོ་མི༌བྱ།།
16 དེ་ནི་ཅིའི་ཕྱིར་ཡིན་ཞེ༌ན། །དེ་དག་ངན་པའི་ཕྱོགས་སུ༌རྒྱུག །དེ་དག་མི་ཁྲག་བཞུར་བར༌རྔམ།།
17 འདབ་ཆགས་བྱ་ཡི་མཐོང་ངོ༌རུ། །དྲ་རྒྱ་བཙུགས་ཀྱང་ཅི་ལ༌ཕན།།
18 དེ་རྣམས་རང་གི་ཁྲག་ནི་བཞུར་བར༌སྒུག །འཇབ་ནས་རང་སྲོག་འཚེ་བར་བྱེད་པ༌འོ།།
19 རྒྱུ་ནོར་མི་གཙང་བ་ལ་ཆགས་པ་རྣམས། །འགྲོ་བའི་ལམ་ནི་ཐམས་ཅད་དེ་ག༌ཡིན། །རྒྱུ་དེས་ནོར་རྔམ་ཅན་གྱི་ཚེ་སྲོག༌འཇོམས།།
ཤེས་རབ་ཀྱི་འབོད༌སྐད།
20 སྲང་ལམ་དུ་ནི་ཤེས་རབ་ཀྱིས་སྐད༌རྒྱག །ཐང་ཆེན་དུ་ནི་ཁོ་མོས་འབོད་སྒྲ༌སྒྲོག།
21 ཁོ་མོས་འདུ་འཛིའི་ལམ་མདོ་དག་ནས་འབོད། །མཁར་སྒོ་རྣམས་སུ་འདི་ལྟར་གཏམ་གླེང༌སྟེ།།
22 ཁྱོད་ཅག་བླུན་པོ་རྣམས་ནི་རྨོངས་པར༌ཆགས། །ཁྱོད་ཅག་འཕྱ་མཁན་རྣམས་ནི་འཕྱ་བར༌དགའ། །གླེན་པ་ཤེས་བྱར་སྡང་ནས་ནམ་དུས༌བར།།
23 ང་ཡི་བཀྱོན་ཚིག་དབང་གིས་ཕྱིར་འཁོར༌ཤོག །ཀྱེ་ཀྱེ་ང་ཡི་སེམས་ཉིད་ཁྱོད་ཚོར༌གཏོང༌། །བཀའ་མཆིད་ཀྱང་ནི་ཁྱོད་ཚོར་མཛུབ་སྟོན༌བྱ།།
24 ང་ཡིས་འབོད་དུས་ཁྱོད་ཚོས་རྣ་མ༌གཏད། །ང་ཡིས་ལག་པ་བརྐྱངས་མོད་སུ་ཡིས༌ཀྱང༌། །དོ་སྣང་ཙམ་ཡང་བྱེད་པ་མ་བྱུང༌ངོ༌།།
25 ང་ཡི་བསླབ་བྱ་ཐམས་ཅད་སྣང་མེད༌བསྐྱུར། །ང་ཡི་བཀྱོན་ཚིག་ཀྱང་ནི་མ་བརྩིས༌པས།།
26 ཁྱོད་ཅག་ཉོན་རེ་མོངས་པའི་དུས་སུ༌ནི། །ང་རང་དགོད་ཅིང་ཁྱོད་ཅག་འཇིགས་སྣང༌དུ། །ལྟུང་བའི་སྐབས་སུ་ངས་ཀྱང་འཕྱ་བར༌བྱ།།
27 འཇིགས་སྣང་རླུང་དམར་བཞིན་དུ་ཁྱོད་ཚོར༌འབབ། །ཆག་སྒོ་དྲག་རླུང་བཞིན་དུ་བསླེབ་པར༌འགྱུར། །སྡུག་བསྔལ་དང་ནི་ཟུག་རྔུ་འབྱུང་དུས༌སུ།།
28 དེ་ཚོས་ང་ལ་ཞུ་འབོད་བྱེད་མོད༌ཀྱང༌། །བདག་གིས་དེ་ལ་ཨ་ལན་འདེབས་པ༌མིན། །ནན་གྱིས་ང་རང་བཙལ་ཡང་རྙེད་མི༌འགྱུར།།
29 རྒྱུ་མཚན་དེ་རྣམས་ཤེས་བྱར་སྡང་བ༌དང༌། །ཡ་ཝཱེར་གུས་ཤིང་འཇིགས་པ་མ་བདམས༌སོ།།
30 བདག་གི་ཁ་ཏ་དང་དུ་མ་བླངས༌ཤིང༌། །བདག་གི་བཀའ་བཀྱོན་ཁྱད་དུ་བསད་པ༌འོ།།
31 དེའི་ཕྱིར་ཁོ་ཚོས་རང་གི་འབྲས་ངན༌བཟའ། །རང་གི་ཇུས་ཀྱིས་ཡོངས་སུ་འཚེ་བར༌འགྱུར།།
32 བླུན་པོ་རྣམས་ཀྱི་ཕྱིན་ལོག༌གིས། །རང་ཉིད་འཆི་བའི་ལམ་དུ༌འཇུག །གླེན་པ་རྣམས་ཀྱི་བདེ་བ༌ཡིས། །རང་ཉིད་སྲོག་དང་འབྲལ་བར༌འགྱུར།།
33 འོན་ཀྱང་སུ་ཡིས་ང་ལ་མཉན་གྱུར༌ན། །ཉེ་ཞོ་མེད་པར་བདེ་བར་གནས་པ༌དང༌། །ཆག་སྒོ་འབྱུང་བའི་འཇིགས་པ་དང་གྱེས༌ཏེ། །བློ་བདེ་བག་ཕེབས་ངང་ནས་འཚོ་བར༌འགྱུར།།