གསུང་མགུར་བརྒྱ་དང་གསུམ།
དཀོན་མཆོག་ཡ་ཝཱེའི་བྱམས་བརྩེ།
1 ༼དཱ་བིད་ཀྱི་མགུར་མ།༽ ཀྱེ་ཀྱེ་ང་ཡི་སེམས་ཀྱིས་ཡ་ཝཱེར༌བསྟོད། །ང་ཡི་སེམས་སུ་ཅི་ཡོད་ཐམས་ཅད༌ཀྱིས། །ཁོང་གི་དམ་པའི་མཚན་ལ་བསྟོད་པར༌ཤོག །
2 ཀྱེ་ཀྱེ་ང་ཡི་སེམས་ཀྱིས་ཡ་ཝཱེར༌བསྟོད། །ཁོང་གི་བཀའ་དྲིན་མཐའ་དག་བརྗེད་མི༌རུང༌།།
3 ཁོང་གིས་ཁྱོད་ཀྱི་སྡིག་ཉེས་ཀུན་སེལ༌ཞིང༌། །ཁྱོད་ཀྱི་ནད་གཞི་ཐམས་ཅད་གསོ་བར༌མཛད།།
4 ཁྱོད་ཀྱི་ཚེ་སྲོག་འཆི་བ་ལས་བསྐྱབས༌ཤིང༌། །བྱམས་བརྩེ་ཐུགས་རྗེའི་ཅོད་པན་ཁྱོད་ལ༌བསྐོན།།
5 ཁྱོད་ཀྱི་འདོད་པ་ཡིད་འོང་རྫས་ཀྱིས༌བསྐངས། །ཁྱོད་རང་གླག་ལྟར་སླར་ཡང་གཞོན་པར༌མཛད།།
6 གཉའ་གནོན་འོག་གི་མི་ལ་དཀར་འདོན༌ཕྱིར། །ཡ་ཝཱེས་དྲང་བདེན་ངང་ནས་འཕྲིན་ལས༌མཛད།།
7 ཉིད་ཀྱི་གཤེགས་ལམ་རྣམས་ནི་མོ་ཤེ༌དང༌། །ཁོང་གི་འཕྲིན་ལས་ཡེས་ར་ཨེལ་པར༌བསྟན།།
8 ཡ་ཝཱེར་སྙིང་རྗེ་ཆེ་ཞིང་ཐུགས་རྗེ༌ལྡན། །རང་དགར་མི་ཁྲོ་བྱམས་བརྩེ་ཕུན་སུམ༌ཚོགས།།
9 ཡུན་རིང་མི་བཀྱོན་རྟག་ཏུ་ཁྲོ་བའང༌མིན།།
10 ང་ཚོའི་སྡིག་པ་བཞིན་དུ་མཛད་མ༌བྱུང༌། །རང་ཅག་ཉེས་པར་འོས་པའི་ལན་མ༌གནང༌།།
11 ས་ལས་ནམ་མཁའ་ཇི་ལྟར་མཐོ་བ༌བཞིན། །ཁོང་ལ་གུས་ཤིང་འཇིགས་པའི་མི་རྣམས༌ལ། །ཁོང་གི་བྱམས་བརྩེ་ཡང་ནི་དེ་བཞིན༌ཆེ།།
12 ཤར་ནུབ་རྒྱང་ཐག་ཅི་ཙམ་རིང་བ༌བཞིན། །ང་ཚོའི་ཉེས་སྐྱོན་དེ་ལྟར་རིང་དུ༌མཛད།།
13 ཕ་ཡིས་བུ་ལ་སྙིང་རྗེ་བསྐྱེད་པ༌བཞིན། །ཡ་ཝཱེར་གུས་ཤིང་འཇིགས་པའི་མི་རྣམས༌ལ། །ཁོང་གིས་དེ་བཞིན་སྙིང་རྗེས་གཟིགས་པ༌ཡིན།།
14 ང་ཚོ་ཇི་ལྟར་གྲུབ་པ་ཁོང་གིས༌མཁྱེན། །ས་རྡུལ་ཙམ་ལས་མ་འདས་ཁོང་གིས༌དྲན།།
15 འཇིག་རྟེན་མི་ཡི་ལོ་ཟླ་རྩྭ་དང༌འདྲ། །ཐང་གི་མེ་ཏོག་བཞིན་དུ་སྐྱེས་ན༌ཡང༌།།
16 དེ་ལ་ལྷགས་པ་བརྒྱབ་པས་ཡལ་གྱུར༌ཅིང༌། །དེ་ཡི་ཤུལ་གྱིས་དེ་ནི་དྲན་མི༌འགྱུར།།
17 འོན་ཀྱང་ཡ་ཝཱེའི་བྱམས་བརྩེ་དུས་རྒྱུན༌དུ། །ཁོང་ལ་གུས་ཤིང་འཇིགས་པའི་མི་ལ༌ཡོད། །ཁོང་གི་དྲང་བདེན་མི་རབས་ཕྱི་མར༌གནས།།
18 ཁོང་གི་ཞལ་ཆད་སྲུང་ཞིང་བཀའ་སློབ༌བཞིན། །སྤྱད་པ་སྤྱོད་པ་དྲན་པའི་མི་རྣམས༌སོ།།
19 ཡ་ཝཱེས་ནམ་མཁར་རྒྱལ་ཁྲི་བརྟན་པོར༌མཛད། །ཉིད་ཀྱི་དབང་གིས་ཀུན་ལ་སྲིད་མཛད༌དོ།།
20 ཁོང་གི་བཀའ་ལ་ཉན་ཞིང་དེ་སྒྲུབ༌པའི། །མཐུ་ལྡན་ཕོ་ཉ་ཀུན་གྱིས་ཡ་ཝཱེར༌བསྟོད།།
21 ཀྱེ་ཀྱེ་ཡ་ཝཱེའི་དཔུང་ཚོགས་ཡོད་དོ༌ཅོག །ཁོང་གི་ཐུགས་དགོངས་བཞིན་དུ་སྒྲུབ་པའི༌བྲན། །ཁྱོད་ཅག་ཀུན་གྱིས་ཡ་ཝཱེར་བསྟོད་གྱུར༌ཅིག།
22 ཡ་ཝཱེས་འགོད་པར་མཛད་པ་ཐམས་ཅད༌ཀྱིས། །ཁོང་གི་མངའ་འོག་ཀུན་ཏུ་ཁོང་ལ༌བསྟོད། །ཀྱེ་ཀྱེ་ང་ཡི་སེམས་ཀྱིས་ཡ་ཝཱེར༌བསྟོད།།