གསུང་མགུར་བརྒྱ་དང་ལྔ།
དཀོན་མཆོག་དང་ཁོང་གི་མི་རྣམས།
1 ཁྱོད་ཚོས་ཡ་ཝཱེར་གཏང་རག་འབུལ་བ༌དང༌། །ཁོང་གི་མཚན་ལ་ཞུ་བ་ཕུལ་ཞིག༌དང༌། །མི་རྣམས་ཁྲོད་དུ་ཁོང་གི་འཕྲིན་ལས༌བརྗོད།།
2 ཁོང་ལ་མགུར་གླུ་ལེན་བཞིན་བསྟོད་བསྔགས་ཕུལ། །ཁོང་གི་ངོ་མཚར་མཛད་པ་ཐམས་ཅད༌གླེངས།།
3 ཁོང་གི་དམ་པའི་མཚན་ལ་བསྟོད་བསྔགས་བརྗོད། །ཡ་ཝཱེ་འཚོལ་མཁན་སེམས་ནང་དགའ་བར༌ཤོག།
4 ཡ་ཝཱེ་ཁོང་དང་ཁོང་གི་མཐུ་སྟོབས་དང་། །ཁོང་གི་ཞལ་རས་རྒྱུན་དུ་བཙལ་བར་གྱིས།།
5 ཁོང་གི་མཛད་པ་ངོ་མཚར་གྲུབ་རྟགས་དང་། །ཞལ་གྱི་ཁྲིམས་གཅོད་བཅས་རྣམས་དྲན་པར༌གྱིས།།
6 ཁོང་གི་ཞབས་ཕྱི་ཨབ་ར་ཧམ་གྱི༌རྒྱུད། །ཁོང་གིས་བདམས་པའི་ཡ་ཀོབ་བུ་རྒྱུད༌ཀྱེ།།
7 ཁོང་ནི་ང་ཚོའི་དཀོན་མཆོག༌ཡ་ཝཱེ་ཡིན། །ས་གཞི་ཡོངས་སུ་ཁོང་གི་ཁྲིམས་གཅོད༌ཡོད།།
8 ཁོང་གི་ཞལ་ཆད་གཏན་དུ་ཐུགས་སུ༌འཇགས། །ཁོང་གི་བཀའ་རྣམས་མི་རབས་སྟོང་ལ༌གནས།།
9 ཨབ་ར་ཧམ་ལ་མཛད་པའི་ཞལ་ཆད༌ཡིན། །ཨི་སཱག་ལ་ནི་བཞེས་པའི་དབུ་མནའ༌ཡིན།།
10 ཁོང་གིས་ཞལ་ཆད་འདི་ནི་ཡ་ཀོབ༌ལ། །སྒྲིག་ཁྲིམས་བྱས་ནས་གཏན་ལ་ཕབ་པ༌དང༌། །ཡེས་ར་ཨེལ་ལ་གཏན་གྱི་ཞལ་ཆད༌གནང༌།།
11 བདག་གིས་ཀ་ན་ཨན་གྱི་ཡུལ་དེ་ནི། །ཁྱོད་ལ་གནང་ཞིང་ཁྱོད་ཀྱི་ས་སྐལ་ཡིན།།
12 དེ་དུས་ཁོ་རྣམས་མི་གྲངས་ཉུང་བ༌དང༌། །ཉུང་བར་མ་ཟད་ཡུལ་དེར་བྱེས་པ༌ཡིན།།
13 དེ་རྣམས་མི་རིགས་གཅིག་ནས་གཅིག་བརྒྱུད༌ཅིང༌། །རྒྱལ་ཁམས་གཅིག་ནས་གཅིག་ལ་ཉུལ་ནས༌བསྡད།།
14 དེ་ཚོར་གཉའ་གནོན་སུ་ལའང་བྱེད་མ༌གནང༌། །ཁོ་ཚོའི་ཆེད་དུ་རྒྱལ་པོར་བཀའ་བཀྱོན༌མཛད།།
15 ཁོ་བོས་བྱུགས་པ་རྣམས་ལ་མི་རེག༌ཅིང༌། །ལུང་སྟོན་རྣམས་ལ་གནོད་པ་མ་བསྐྱལ་གསུངས།།
16 ཁོང་གིས་ཡུལ་དེར་མུ་གེ་འབྱུང་བར་མཛད། །ཟས་ཀྱི་གཏད་སོ་མཐའ་དག་མེད་པར༌མཛད།།
17 ཁོ་ཚོའི་སྔོན་ལ་མི་ཞིག་བརྫངས་པ༌སྟེ། །གཡོག་པོར་བཙོངས་པའི་ཡོ་སེབ་ཡིན་ལགས༌ཤིང༌།།
18 དེ་ཡི་རྐང་པ་སྒྲོག་གིས་བསྣད་པ༌དང༌། །མཇིང་པ་ལྕགས་སྒྲོག་རྣམས་ཀྱིས་བཅིངས་པ༌འོ།།
19 ཁོང་གིས་གསུངས་པའི་བཀའ་རྣམས་འགྲུབ་པའི༌བར། །ཡ་ཝཱེའི་བཀའ་ཡིས་ཁོང་ལ་ཚོད་བགམ༌མཛད།།
20 རྒྱལ་པོས་གཡོག་པོ་བཏང་ནས་ཁོང་བཀྲོལ༌ཞིང༌། །མི་སྡེ་ཁག་གི་བདག་པོས་ཐར་དུ༌བཅུག།
21 རྒྱལ་པོའི་ཁབ་ཀྱི་བདག་པོར་ཁོང་བཞག༌ཅིང༌། །རྒྱུ་ནོར་ཐམས་ཅད་ཁོང་གི་དབང་ལ༌བཅུག།
22 རྒྱལ་པོའི་འཁོར་གཡོག་རང་དགར་འཆིང་བ༌དང༌། །རྒན་པ་རྣམས་ལ་ཤེས་རབ་བསླབ་ཏུ༌བཅུག།
23 ཡེས་ར་ཨེལ་ཡང་ཨེ་ཅིབ་ཡུལ་དུ༌སླེབས། །ཧཱམ་གྱི་ཡུལ་དུ་ཡ་ཀོབ་བྱེས་པར༌ལུས།།
24 ཡ་ཝཱེས་ཉིད་ཀྱི་འབངས་མི་མང་དུ༌སྤེལ། །ཁོ་རྣམས་དགྲ་ལས་ཤིན་ཏུ་དར་བར༌མཛད།།
25 དགྲ་རྣམས་སེམས་ནི་འབངས་མིར་སྡང་གྱུར༌ཏེ། །ཁོང་གི་ཞབས་ཕྱིར་གཡོ་སྒྱུའི་སྦྱོར་བ༌སྤེལ།།
26 ཁོང་གིས་ཉིད་ཀྱི་ཞབས་ཕྱི་མོ་ཤེ༌དང༌། །ཉིད་ཀྱིས་བདམས་པའི་ཨ་རོན་བརྫངས་ནས༌ནི།།
27 དགྲ་བོའི་ཁྲོད་དུ་ངོ་མཚར་རྟགས་རྣམས༌བསྟན། །ཧཱམ་གྱི་ཡུལ་དུ་ཡ་མཚན་དོན་རྣམས༌མངོན།།
28 ཁོང་གིས་སྨག་རུམ་མངགས་པས་སྨག་རུམ༌འཐིབས། །ཁོང་གི་བཀའ་ལ་ཟློག་ཐབས་ཡེ་མ༌ཡོད།།
29 ཁོང་གིས་ཨེ་ཅིབ་ཆུ་རྣམས་ཁྲག་ཏུ༌བསྒྱུར། །དེ་ཚོའི་ཉ་རྣམས་སྲོག་དང་ཕྲལ་བར༌མཛད།།
30 དེ་ཚོའི་ཡུལ་དང་རྒྱལ་པོའི་གཟིམ་ཆུང༌དུ། །ག་ས་གང་ལ་སྦལ་བས་གང་བར༌བྱས།།
31 ཁོང་གིས་བཀའ་ཞིག་གནང་བར་སྦྲང་ནག༌སླེབས། །སྲིན་བུ་ཤིག་ཀྱང་ཁོ་ཚོའི་ཕྱོགས་བཞིར༌ཐོན།།
32 ཆར་བའི་ཚབ་ཏུ་དེ་ཚོར་སེར་བ༌ཕབ། །དེ་རྣམས་ཡུལ་དུ་གནམ་ལྕགས་ཐོག་མདའ༌འཕངས།།
33 ཁོང་གིས་དེ་ཚོའི་རྒུན་འབྲུམ་ཤིང་རྣམས༌དང༌། །སེ་ཡབ་ཤིང་ལ་བརྡབས་ཤིང་དེ་དག༌གི །རྒྱལ་ཁམས་ནང་གི་ལྗོན་ཤིང་རྩ་ནས༌བརླག།
34 ཁྱེད་ཀྱིས་བཀའ་ཞིག་གནང་བར་གྲངས་མེད༌པའི། །ཆ་ག་འབུ་དང་སྲིན་འབུ་ཡར་ཐོན༌ཞིང༌།།
35 དེ་རྣམས་ཡུལ་གྱི་སྔོ་ཚོད་སྣ་ཚོགས༌དང༌། །ཞིང་གི་ལོ་ཏོག་མ་ལུས་ཟོས་པ༌ཡིན།།
36 དེ་རྣམས་ཡུལ་གྱི་སྐྱེས་འགོ་ཐམས་ཅད༌དེ། །ཁོ་རྣམས་ལུས་སྟོབས་རྒྱས་དུས་སྐྱེས་པ༌ཡི། །སྐྱེས་འགོ་མཐའ་དག་ཁོང་གིས་བསད་པ༌ཡིན།།
37 ཁོང་གི་འབངས་མི་གསེར་དངུལ་དང་བཅས༌བཏོན། །ཉིད་ཀྱི་ཚོ་པ་ཁག་ལས་རྒུད་པ༌མེད།།
38 ཨེ་ཅིབ་མི་རྣམས་ཁོ་ཚོར་འཇིགས་པའི༌རྐྱེན། །ཁོ་ཚོ་ཕྱི་རུ་ཐོན་དུས་དེ་རྣམས༌སྤྲོ།།
39 ཁོང་གིས་སྤྲིན་ཞིག་ཁེབས་ཀྱི་ཚུལ་དུ༌བཀྲམ། །མཚན་མོར་འོད་སྣང་སྤྲོ་བར་མེ་ཡང༌བསྩལ།།
40 དེ་ཚོས་ཞུ་བར་ཁོང་གིས་སྲེག་པ༌དྲངས། །ནམ་མཁའི་ཟས་ཀྱིས་དེ་རྣམས་འགྲང་བར༌མཛད།།
41 ཁོང་གིས་བྲག་རྡོ་ཕྱེས་ནས་ཆུ་བརྡོལ༌ཞིང༌། །མྱ་ངམ་ཐང་དུ་གཙང་པོ་ནང་བཞིན༌བརྒྱུགས།།
42 ཁོང་གིས་ཞབས་ཕྱི་ཨབ་ར་ཧམ་ལ༌ནི། །གནང་བའི་ཞལ་བཞེས་དམ་པ་དྲན་པས༌སོ།།
43 ཁོང་གི་འབངས་མི་དགའ་སྤྲོའི་ངང་ནས༌བཏོན། །བདམས་པའི་མི་རྣམས་དགའ་འབོད་དང་བཅས༌ཁྲིད།།
44 མི་རིགས་སོ་སོའི་ཡུལ་རྣམས་དེ་ཚོར༌གནང༌། །གཞན་གྱི་ངལ་བའི་འབྲས་བུ་དེ་ཚོར༌ཐོབ།།
45 དེ་ཚོས་ཁོང་གི་ཁྲིམས་སྲོལ་བཞིན་བྱ༌ཞིང༌། །ཉིད་ཀྱི་བཀའ་ཁྲིམས་བསྲུང་བའི་ཆེད་དུ༌ཡིན། །ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌།།