གསུང་མགུར་བརྒྱ་དང་དགུ།
དཀའ་སྡུག་ལ་ཕྲད་མཁན་གྱི་སྡུག་ཡུས།
1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར་མ།༽ ཀྱེ་ཀྱེ་ང་ཡིས་བསྟོད་པའི་དཀོན་མཆོག༌ལགས། །ཁུ་སིམ་ངང་ནས་མ་བཞུགས་རྒྱུ་མཚན་ནི།།
2 མི་ངན་དང་ནི་གཡོ་སྒྱུ་ཅན་རྣམས༌ཀྱིས། །ཁ་ཆེར་གདངས་ནས་ང་ལ་རྒོལ་བ༌དང༌། །རྫུན་གྱི་ལྕེ་ཡིས་ང་ལ་གཏམ་ལབ༌བྱུང༌།།
3 ཞེ་འཁོན་ཚིག་གིས་དེ་ཚོས་ངའི་མཐའ༌བསྐོར། །རྒྱུ་མཚན་གང་ཡང་མེད་པར་ང་ལ༌རྒོལ།།
4 ང་ཡི་བྱམས་པའི་ལན་དུ་དགྲ་རུ༌ལངས། །འོན་ཀྱང་བདག་གིས་སྨོན་ལམ་འདེབས་པར༌བྱ།།
5 དེ་ཚོས་ང་ལ་བཟང་ལན་ངན་གྱིས༌འཇལ། །བདག་གི་བྱམས་པའི་ལན་དུ་ཞེ་སྡང༌སྐྱེད།།
6 མི་ངན་ཞིག་ནི་དེ་ཡི་འགོ་བྱེད༌དང༌། །དགྲ་ཞིག་དེ་ཡི་གཡས་སུ་སློང་བར༌མཛོད།།
7 ཁྲིམས་ཐག་གཅོད་དུས་ཉེས་ཅན་དུ་སྣང༌ཞིང༌། །དེ་ཡི་སྨོན་ལམ་སྡིག་པར་འགྱུར་བར༌ཤོག།
8 དེ་ཡི་མི་ཚེ་ཤིན་ཏུ་ཐུང་བ༌དང༌། །དེ་ཡི་ལས་ཚན་གཞན་གྱིས་ལེན་པར༌ཤོག།
9 དེ་ཡི་བུ་དང་བུ་མོ་དྭ་ཕྲུག༌དང༌། །དེ་ཡི་ཆུང་མ་ཡུགས་མོར་ལུས་གྱུར༌ཅིག།
10 བུ་རྣམས་འཁྱམ་ཞིང་སློང་མོ་སློང་བ༌དང༌། །ཞིག་རོའི་གཞིས་ནས་དེ་རྣམས་སྐྲོད་གྱུར༌ཅིག།
11 ཅི་ཡོད་ཚང་མ་བུན་བདག་གིས་འཛིན༌ཞིང༌། །ངལ་བའི་འབྲས་བུ་ཕྱི་མིས་འཕྲོག་གྱུར༌ཅིག།
12 ཁོ་ལ་སྙིང་རྗེ་སྐྱེད་མཁན་མེད་པ༌དང༌། །དྭ་ཕྲུག་དྲིན་གྱིས་སྐྱོང་མཁན་མེད་གྱུར༌ཅིག།
13 བུ་རྒྱུད་ཆད་ཅིང་མི་རབས་ཕྱི་མ༌ལ། །ཁོ་ཚོའི་མིང་ཡང་རྩ་ནས་གསུབ་གྱུར༌ཅིག།
14 མེས་པོའི་སྡིག་ཉེས་ཡ་ཝཱེས་དྲན་པ༌དང༌། །མ་ཡི་སྡིག་པ་བསལ་བར་མ་གྱུར༌ཅིག།
15 དེ་ཚོའི་མིང་རྣམས་ས་ལས་ཚར་གཅོད༌ཕྱིར། །སྡིག་པ་རྟག་ཏུ་ཡ་ཝཱེའི་དྲུང་ལུས༌ཤོག།
16 དེ་ཡིས་དྲིན་གྱིས་སྐྱོང་བ་བརྗེད་གྱུར༌ནས། །ཉམ་ཐག་དབུལ་ཕོངས་སྡུག་གིས་མནར་བའི༌སེམས། །འཆི་ལམ་སྐྱེལ་ཕྱིར་དེ་ཚོར་གཙེས་ཕྱིར༌རོ།།
17 ཁོ་རང་དམོད་པར་དགའ་བས་རང་སྟེང༌བབས། །བྱིན་རླབས་ལ་ནི་སྡང་བས་རིང་དུ༌གྱེས།།
18 དམོད་པ་གྱོན་གོས་བཞིན་དུ་གྱོན་པས༌ན། །ཁོ་ཡི་ཁོག་ནང་དེ་ནི་ཆུ་ལྟར༌དང༌། །རུས་པའི་གསེང་དུ་སྣུམ་བཞིན་ཐིམ་པ༌ཡིན།།
19 དམོད་པ་དེ་ལ་གྱོན་གོས་བསྐོན་བཞིན༌དང༌། །ནམ་རྒྱུན་འཆིང་བའི་སྐ་རགས་སུ་གྱུར༌ཅིག།
20 འདི་ནི་ང་ལ་གཏམ་ངན་སྨྲ་བ༌དང༌། །ང་ཡི་དགྲ་བོར་ཡ་ཝཱེས་གནང་བའི༌ལན།།
21 འོན་ཀྱང་ཀྱེ་ཀྱེ་གཙོ་བོ་ཡ་ཝཱེ༌ལགས། །ཁྱེད་ཀྱི་མཚན་ཕྱིར་ང་རང་དྲིན་གྱིས༌སྐྱོངས། །ཡིད་འོང་བྱམས་བརྩེས་ང་རང་སྐྱབས་སུ༌གསོལ།།
22 ང་ནི་ཉམ་ཐག་དབུལ་ཕོངས་ཡིན་པ༌དང༌། །སེམས་ཀྱི་གཏིང་ལ་རྨས་སྐྱོན་ཤོར་ནས༌ཡོད།།
23 ནུབ་ཁའི་གྲིབ་མ་ནང་བཞིན་ང་ཡལ༌ཞིང༌། །ཆ་ག་པ་ལྟར་ང་རང་སྤྲུགས་ནས༌ཐོན།།
24 སྨྱུང་བར་གནས་པར་པུས་མོའི་ཤེད་ཉམས༌ཤིང༌། །གཟུགས་པོ་རིད་ནས་ཤ་ཡང་བསྐམས་པ༌འོ།།
25 ང་རང་དེ་ཚོས་འཕྱ་བའི་གནས་སུ༌གྱུར། །ང་རང་མཐོང་ཚེ་དེ་ཚོས་མགོ་གཡུག༌གོ།
26 ཀྱེ་ཀྱེ་ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །ཁྱེད་ཀྱིས་ང་ལ་རོགས་རམ་གནང་ནས༌ནི། །ཉིད་ཀྱི་བྱམས་བརྩེ་བཞིན་དུ་སྐྱབས་སུ༌གསོལ།།
27 འདི་ནི་ཡ་ཝཱེ་ཁྱེད་ཀྱི་ཕྱག་ལས༌དང༌། །ཉིད་ཀྱི་མཛད་འཕྲིན་ཡིན་པ་ཤེས་སུ༌གསོལ།།
28 དེ་ཚོས་དམོད་ཀྱང་ཁྱེད་ཀྱིས་བྱིན་རླབས༌གནོངས། །རྒོལ་བར་ལངས་དུས་དེ་རྣམས་ངོ་ཚ༌ཡང༌། །ཁྱེད་ཀྱི་ཞབས་ཕྱི་དགའ་མགུ་རངས་པར༌འགྱུར།།
29 ང་ཡི་དགྲ་རྣམས་ངོ་ཚ་གྱོན་པར༌ཤོག །རང་གི་ངོ་ཚས་གོས་ལྟར་གཡོག་གྱུར༌ཅིག།
30 བདག་ཁས་ཡ་ཝཱེར་གཏང་རག་ཆེན་པོ༌འབུལ། །མི་ཚོགས་ཁྲོད་དུ་ཁོང་ལ་བསྟོད་བསྔགས༌བརྗོད།།
31 སྲོག་ཆད་གཅོད་མཁན་རྣམས་ལས་དེ་སྐྱོབ༌ཕྱིར། །ཁོང་ཉིད་དབུལ་པོའི་གཡས་ཕྱོགས་སུ་བཞེང་འོང༌།།