གསུང་མགུར་བརྒྱ་དང་བཅོ་བརྒྱད༌པ།
རྣམ་པར་རྒྱལ་བས་དཀོན་མཆོག་ཡ་ཝཱེར་བཀའ་དྲིན་ཞུ་བ།
1 ཡ་ཝཱེ་ལེགས་པས་ཁོང་ལ་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།།
2 ཡེས་ར་ཨེལ་གྱིས་འདི་ལྟར་ཞུ་བར༌གྱིས། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།།
3 ཨ་རོན་རྒྱུད་ཀྱིས་འདི་ལྟར་ཞུ་བར༌གྱིས། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།།
4 ཡ་ཝཱེར་གུས་ཤིང་འཇིགས་པས་འདི་ལྟར༌ཞུས། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།།
5 སྡུག་བསྔལ་ཁྲོད་ནས་ཡ་ཝཱེར་འོ་དོད༌བོས། །བཀའ་ལན་གནང་ཞིང་ཐར་བར་མཛད་ལགས༌སོ།།
6 ཡ་ཝཱེ་ངའི་ཕྱོགས་བཞུགས་པས་ང་མི༌འཇིགས། །མི་ཡིས་བདག་ལ་ཅི་ཞིག་བྱེད་ནུས༌སམ།།
7 ང་ཡི་སྡོངས་གྲོགས་ཁོང་ཉིད་ངའི་ཕྱོགས༌བཞུགས། །བདག་གིས་དགྲ་བོ་རྣམས་ལ་ལྟད་མོར༌བལྟ།།
8 འཇིག་རྟེན་མི་ལ་བློ་གཏད་བཅོལ་བ༌ལས། །ཡ་ཝཱེར་སྐྱབས་སུ་འགྲོ་བ་ཤིན་ཏུ༌ལེགས།།
9 རྒྱལ་སྲས་རྣམས་ལ་བློ་གཏད་བཅོལ་བ༌ལས། །ཡ་ཝཱེར་སྐྱབས་སུ་འགྲོ་བ་ཤིན་ཏུ༌ལེགས།།
10 མི་རིགས་ཀུན་གྱིས་ངའི་མཐའ་བསྐོར་ན༌ཡང༌། །ཡ་ཝཱེའི་མཚན་ལ་བརྟེན་ནས་ཚར་གཅོད༌བྱ།།
11 དེ་ཚོས་ང་ཡི་མཐའ་ནས་ང་རང༌བསྐོར། །ཡ་ཝཱེའི་མཚན་ལ་བརྟེན་ནས་ཚར་གཅོད༌བྱ།།
12 སྦྲང་མ་ནང་བཞིན་དེ་རྣམས་ངའི་སྟེང༌རུབ། །དེ་རྣམས་ཚེར་མའི་མེ་བཞིན་ཞི་བར༌འགྱུར། །ཡ་ཝཱེའི་མཚན་ལ་བརྟེན་ནས་ཚར་གཅོད༌བྱ།།
13 ཁྱོད་ཀྱིས་ང་རང་བསྒྱེལ་ཕྱིར་ཤེད་ཀྱིས༌འཕུལ། །འོན་ཀྱང་ཡ་ཝཱེས་ང་ལ་རོགས་རམ༌མཛད།།
14 ཡ་ཝཱེ་ང་ཡི་སྟོབས་དང་མགུར་མ༌ཡིན། །ཁོང་ཉིད་བདག་གི་སྐྱབས་སུ་གྱུར་པ༌ཡིན།།
15 སྐྱེས་བུ་དྲང་བདེན་རྣམས་ཀྱི་གུར་ནང༌དུ། །དགའ་སྤྲོ་ཐར་པའི་ཀི་སྒྲས་འདི་བཞིན༌བརྗོད། །ཡ་ཝཱེའི་ཕྱག་གཡས་ཀྱིས་ནི་དོན་ཆེན༌མཛད།།
16 ཡ་ཝཱེ་ཕྱག་གཡས་མཐོན་པོར་བཀྱགས་པ༌དང༌། །ཁོང་གི་ཕྱག་གཡས་ཀྱིས་ནི་དོན་ཆེན༌མཛད།།
17 ང་ནི་འཆི་བར་མི་འགྱུར་གསོན་བསྡད༌དེ། །ཡ་ཝཱེའི་འཕྲིན་ལས་གང་མཛད་སྨྲ་བར༌བྱ།།
18 ཡ་ཝཱེས་ང་རང་དྲག་པོར་བཅུན་ན༌ཡང༌། །ང་རང་འཆི་བའི་དབང་དུ་མ་བཏད༌དོ།།
19 དྲང་བདེན་སྒོ་རྣམས་ང་ལ་ཕྱེས་ཤིག༌དང༌། །ང་དེར་འཛུལ་ནས་ཡ་ཝཱེར་གཏང་རག༌འབུལ།།
20 འདི་ནི་ཡ་ཝཱེའི་རྒྱལ་སྒོ་ཡིན་པ༌སྟེ། །དྲང་བདེན་མི་རྣམས་འབའ་ཞིག་འཇུག་པར༌འགྱུར།།
21 ཁྱེད་ཀྱིས་ང་ལ་བཀའ་ལན་གནང་བ༌དང༌། །ང་ཡི་སྐྱབས་སུ་གྱུར་པས་གཏང་རག༌འབུལ།།
22 བཟོ་བ་རྣམས་ཀྱིས་སྤངས་པའི་རྡོ་དེ༌ནི། །ཁང་པའི་ཟུར་གྱི་རྨང་རྡོར་གྱུར་པ༌ཡིན།།
23 འདི་ནི་ཡ་ཝཱེས་མཛད་པའི་འཕྲིན་ལས༌ཡིན། །བདག་ཅག་མིག་ལ་ངོ་མཚར་རབ་ཏུ༌ཆེ།།
24 འདི་ནི་ཡ་ཝཱེས་བཙུགས་པའི་ཉིན་མོ༌ཡིན། །ཉིན་འདིར་ང་ཚོ་དགའ་ཞིང་སྐྱིད་པར༌བྱེད།།
25 ཀྱེ་ཀྱེ་ཡ་ཝཱེ་ངེད་རྣམས་སྐྱོབ་པར༌མཛོད། །ངེད་རྣམས་དོན་ཀུན་འགྲུབ་པར་མཛད་དུ༌གསོལ།།
26 ཡ་ཝཱེའི་མཚན་ནས་བྱོན་པ་བྱིན་རླབས་ཅན། །ཡ་ཝཱེའི་བཞུགས་གནས་ལས་ནི་ངེད་རྣམས༌ཀྱིས། །ཁྱོད་རྣམས་ཀུན་ལ་བྱིན་གྱིས་བརླབ་པར༌བྱ།།
27 ཡ་ཝཱེ་ཁོང་ཉིད་དཀོན་མཆོག་ལགས་པ༌དང༌། །ཁོང་གིས་ཉིད་ཀྱི་འོད་སྣང་ངེད་ལ༌སྤྲོས། །ཁྱོད་ཚོས་དམར་མཆོད་ཐག་པས་བཀྱིགས་ནས༌ནི། །མཆོད་ཁྲིའི་རུ་ཐུར་ཡོད་སར་ཁྲིད་ལ༌ཐོགས།།
28 ཁྱེད་ངའི་དཀོན་མཆོག་ཡིན་པས་གཏང་རག༌འབུལ། །ཁྱེད་ངའི་དཀོན་མཆོག་ཡིན་པས་བཀུར་སྟི༌བྱ།།
29 ཡ་ཝཱེ་ལེགས་པས་ཁོང་ལ་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།།