གསུང་མགུར་བཅུ་བཞི༌པ།
མི་ཡི་མ་རུངས་པ།
1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ གླེན་པས་སེམས་སུ་དཀོན་མཆོག་མེད་ཅེས༌སྨྲ། །དེ་རྣམས་ཉམས་ནས་ཞེན་ལོག༌ཉེས་པ་བྱས། །བཟང་པོ་བྱེད་མཁན་གཅིག་ཀྱང་ཡོད་མ༌ཡིན།།
2 གོ་བ་ཅན་དང་དཀོན་མཆོག་འཚོལ་བའི༌མི། །ཡོད་དང་མེད་པར་གཟིགས་པའི་ཆེད་དུ༌ནི། །ཡ་ཝཱེས་གནམ་ནས་མི་བུ་རྣམས་ལ༌གཟིགས།།
3 ཐམས་ཅད་དྲང་པོའི་ལམ་དང་བྲལ་ནས༌ནི། །ལྷན་ཅིག་བཙོག་པར་གྱུར་ཅིང་དེ་རྣམས༌ལས། །ལས་བཟང་སྒྲུབ་མཁན་ཡོད་པ་མ་ཡིན་ལ། །དེ་འདྲ་གཅིག་ཀྱང༌ཡོད་པ་མ་ཡིན་ནོ།།
4 ང་ཡི་འབངས་མི་བག་ལེབ་བཞིན་མིད༌ཅིང༌། །ཡ་ཝཱེའི་མཚན་ནི་མི་འབོད་ལས་ངན༌པ། །བྱེད་མཁན་ཀུན་ལ་བློ་གྲོས་ཡེ་མེད༌དམ།།
5 དཀོན་མཆོག་དྲང་པོའི་ཚོགས་སུ་བཞུགས་པས༌ན། །འཇིགས་སྐྲག་ཆེན་པོ་དེ་རྣམས་སྟེང་དུ༌བབས།།
6 ཁྱོད་ཚོས་དབུལ་པོའི་ཐབས་ཇུས་ཕམ་བྱེད༌ཀྱང༌། །ཡ་ཝཱེ་དེ་ཚོའི་སྐྱབས་གནས་ཡིན་ལགས༌སོ།།
7 ཀྱེ་ཀྱེ་ཡེས་ར་ཨེལ་གྱི་ཐར་པ༌ནི། །ཛ་ཡན་ཡུལ་ནས་བྱུང་ན་ཅི་མ༌རུང༌། །ཡ་ཝཱེས་ཉིད་ཀྱི་མི་རྣམས་བཙོན་ལས༌ནི། །ཕྱིར་ཁྲིད་འོང་དུས་ཡ་ཀོབ་དགའ་བ༌དང༌། །ཡེས་ར་ཨེལ་ནི་མགུ་བར་འགྱུར་བ༌འོ།།