གསུང་མགུར་བརྒྱ་དང་ཞེ་གསུམ༌པ།
དཀོན་མཆོག་ཡ་ཝཱེར་སྲོག་སྐྱོབ་རེ་ཞུ་བ།
1 ༼དཱ་བིད་ཀྱི་མགུར༌མ།༽ བདག་གི་སྨོན་ལམ་གསོན་དང་ཀྱེ་ཡ༌ཝཱེ། །ང་ཡི་ཞུ་བར་ཁྱེད་ཀྱིས་སྙན་གཏད༌རོགས། །དམ་ཚིག་དྲང་བདེན་སྒོ་ནས་བཀའ་ལན༌གནོངས།།
2 ཁྱེད་ཀྱིས་ཞབས་ཕྱིར་ཁྲིམས་ཐག་གཅོད་མི༌བྱ། །ཁྱེད་ཀྱི་སྤྱན་སྔར་སྐྱེ་བོ་གསོན་པོ༌ལས། །སྐྱེ་བོ་དམ་པ་གཅིག་ཀྱང་མེད་ཕྱིར༌རོ།།
3 དགྲ་ཟླས་ང་རང་ཚ་འདེད་བྱས་ནས༌ནི། །ཕམ་པར་བརྒྱབ་སྟེ་ཤི་ནས་ཡུན་རིང༌བའི། །མི་བཞིན་མུན་ནག་ནང་དུ་འདུག་བཅུག༌གོ།
4 དེའི་ཕྱིར་བདག་གི་ནུས་སྟོབས་ཉམས་པ༌དང༌། །བདག་གི་སེམས་ནི་སྐྱོ་ཞིང་གདུང་བར༌གྱུར།།
5 བདག་གིས་གནའ་བོའི་དུས་དེ་ཡང་ཡང༌དྲན། །ཡ་ཝཱེ་ཁྱེད་ཀྱི་མཛད་པ་ཡོད་དགུ་སེམས། །ཁྱེད་ཀྱི་ཕྱག་གི་འཕྲིན་ལས་དེ་ཡང༌བསམས།།
6 ཆུ་མེད་སྐམ་སས་ཆར་ཆུ་འདོད་པ༌བཞིན། །བདག་གིས་ཁྱེད་ནི་རྟག་ཏུ་དྲན་གྱུར༌ཅིང་། །ཁྱེད་ལ་ལག་ཟུང་བཏེགས་ཏེ་ཞུ་བ༌བྱེད།།༼ སེ༌ལཱ། ༽
7 འཕྲལ་དུ་བཀའ་ལན་གནང་རོགས་ཀྱེ་ཡ༌ཝཱེ། །བདག་གི་སེམས་ནི་ཡོངས་སུ་ཉམས་པ༌འོ། །དོང་ལ་ལྷུང་བའི་མི་བཞིན་མ་ཡིན༌ཕྱིར། །ཁྱེད་ཀྱི་ཞལ་རས་བདག་ལ་མི་འགེབ༌རོགས།།
8 ང་རང་ཁྱེད་ལ་བརྟེན་པས་ནངས་སྔ༌མོར། །ཁྱེད་ཀྱི་བྱམས་བརྩེའི་གཏམ་དེ་ཐོས་པར༌མཛོད། །བདག་གི་སེམས་པ་ཁྱེད་ལ་བཅོལ་བའི༌ཕྱིར། །ད་ལྟའི་འགྲོ་ལམ་བདག་ལ་ཤེས་པར༌མཛོད།།
9 ཀྱེ་ཀྱེ་ཡ་ཝཱེ་ང་རང་དགྲ་ལས༌སྐྱོབས། །ཁྱེད་ཉིད་ང་ཡི་སྐྱབས་གནས་ཡིན་ལགས༌སོ།།
10 ཁྱེད་ནི་བདག་གི་དཀོན་མཆོག་ལགས་པའི༌ཕྱིར། །ཁྱེད་ཀྱི་དགོངས་དོན་ཇི་བཞིན་སྒྲུབ་པའི༌དོན། །བདག་ལ་སློབ་པར་མཛོད་ཅིག་དཀོན་མཆོག༌ལགས། །ཁྱེད་ཀྱི་རབ་ཏུ་ལེགས་པའི་ཐུགས་ཉིད༌ཀྱིས། །བདག་ནི་བདེ་བའི་ལམ་དུ་ཁྲིད་པར༌མཛོད།།
11 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་མཚན་སྙན༌ཕྱིར། །ཁྱེད་ཀྱིས་ང་རང་སྐྱོབ་ཅིང་གསོན་པར༌མཛོད། །ཀྱེ་ཀྱེ་ཁྱེད་ཀྱི་བདེན་པ་བདེན་དྲང༌བཞིན། །བདག་ནི་སྡུག་བསྔལ་དག་ལས་སྒྲོལ་བར༌མཛོད།།
12 བདག་ནི་ཁྱེད་ཀྱི་ཞབས་ཕྱི་ཡིན་པའི༌ཕྱིར། །ཀྱེ་ཀྱེ་ཁྱེད་ཀྱིས་བྱམས་བརྩེ་ཆེན་པོ༌ལས། །བདག་གི་དགྲ་བོ་རྩད་ནས་འཇོམས་པར༌ཤོག །བདག་ལ་འཚེ་མཁན་ཐམས་ཅད་འཇོམས་པར༌ཤོག།