གསུང་མགུར་བརྒྱ་དང་ཞེ་ལྔ༌པ།
རབ་ཏུ་ཆེ་ཞིང་བསྔགས་པར་འོས་པའི་དཀོན་མཆོག་ཡ་ཝཱེ།
1 ༼དཱ་བིད་ཀྱི་བསྟོད་པའི་མགུར༌མ།༽ ང་ཡི་དཀོན་མཆོག་ང་ཡི་རྒྱལ་པོ༌ལགས། །བདག་གིས་ཁྱེད་ལ་གུས་ཤིང་འདུད་པ༌དང༌། །རྟག་ཏུ་ཁྱེད་ཀྱི་མཚན་ལ་བསྔགས་པར༌བྱ།།
2 བདག་གིས་ནམ་རྒྱུན་ཁྱེད་ལ་བསྟོད་པ༌དང༌། །ཁྱེད་ཀྱི་མཚན་ལ་ནམ་ཡང་བསྔགས་པར༌བྱ།།
3 ཡ་ཝཱེ་རབ་ཏུ་ཆེ་ཞིང་བསྔགས་པར༌འོས། །ཉིད་ཀྱི་ཆེ་བ་བསམ་གྱིས་མི་ཁྱབ༌བོ།།
4 མི་རབས་ཀུན་གྱིས་ཁྱེད་ཀྱི་མཛད་པར༌བསྔགས། །ཁོ་ཚོས་ཁྱེད་ཀྱི་མཛད་པ་སྟོབས་ལྡན༌སྒྲོག།
5 ཁྱེད་ཀྱི་བརྗིད་ཉམས་ལྡན་པའི་གཟི་དཔལ༌དང༌། །ངོ་མཚར་མཛད་པར་བསམ་གཞིགས་མང་དུ༌བཏང༌།།
6 མི་ཡིས་ཁྱེད་ཀྱི་འཇིགས་རུང་ནུས་མཐུ༌སྒྲོག །ངས་ཀྱང་ཁྱེད་ཀྱི་ཆེ་བ་སྒྲོག་པ༌ལགས།།
7 འཇིག་རྟེན་མི་ཡིས་ཁྱེད་ཀྱི་ཐུགས་རྗེ༌ནི། །དྲན་ཞིང་དྲན་ཏེ་ཀུན་ལ་སྒྲོག་འགྱུར༌ཞིང༌། །ཁྱེད་ཀྱི་བདེན་པ་ཉིད་ལ་བསྔགས་པར༌བྱེད།།
8 ཡ་ཝཱེར་ཐུགས་རྗེ་ལྡན་ཞིང་སྙིང་རྗེ༌ཆེ། །རང་དགར་མི་ཁྲོ་བྱམས་བརྩེ་ཕུན་སུམ༌ཚོགས།།
9 ཁོང་གིས་མི་རིགས་ཐམས་ཅད་བདེ་བར༌སྐྱོང༌། །ཁོང་གི་བྱམས་བརྩེ་ཆེན་པོ་དེ་ཡིས༌ནི། །ཉིད་ཀྱིས་བསྐྲུན་པ་ཀུན་ལ་ཁྱབ་པར༌བྱེད།།
10 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་མཛད་པ༌ཀུན། །ཁྱེད་ལ་གཏང་རག་འབུལ་བར་འགྱུར་བ༌དང༌། །དད་ལྡན་རྣམས་ཀྱིས་ཁྱེད་ལ་བསྔགས་པར༌བྱེད།།
11 དེ་ཚོས་ཁྱེད་ཀྱི་རྒྱལ་སྲིད་དཔལ་བརྗོད༌ཅིང༌། །ཁྱེད་ཀྱི་མཛད་པ་སྟོབས་ལྡན་གླེང་བར༌བྱེད།།
12 མི་ཡིས་ཁྱེད་ཀྱི་མཛད་པ་སྟོབས་ལྡན༌དང༌། །བརྗིད་ཉམས་ལྡན་པའི་རྒྱལ་སྲིད་གཟི་དཔལ༌ནི། །ཤེས་པར་བྱ་ཆེད་ཡིན་པ་གོར་མ༌ཆག།
13 ཁྱེད་ཀྱི་རྒྱལ་སྲིད་རྟག་ཏུ་བཞུགས་པ༌དང༌། །ཁྱེད་ཀྱི་མངའ་ཐང་དུས་རབས་ཀུན་ལ༌ཁྱབ།།
14 ས་རུ་འགྱེལ་བ་ཐམས་ཅད་ཡ་ཝཱེས༌སྐྱོར། །གཉའ་གནོན་ཐེབས་པ་ཀུན་པོ་ཁོང་གིས༌འདེགས།།
15 འཇིག་རྟེན་མིག་ཀུན་ཁྱེད་ལ་རེ་ལྟོས༌བཅངས། །ཁྱེད་ཀྱིས་དུས་ལྟར་ཁ་ཟས་གནང་བར༌མཛད།།
16 ཁྱེད་ཀྱིས་ཕྱག་ཟུང་བརྐྱངས་ནས་སྲོག་ལྡན༌ཀུན། །ཡིད་ཀྱི་འདོད་པ་ཡོངས་སུ་ཚིམ་པར༌མཛད།།
17 ཡ་ཝཱེས་མཛད་པའི་འཕྲིན་ལས་ཡོད་དོ༌ཅོག །དྲང་བདེན་མ་ཡིན་པ་ནི་ཅི་ཡང༌མེད། །ཁོང་གིས་བསྐྲུན་པ་ཀུན་ལ་བྱམས་བརྩེ༌ཁྱབ།།
18 སུ་ཞིག་གིས་ནི་ཀུན་སློང་རབ་དག༌གིས། །ཁོང་ལ་ཞུས་ན་ཁོང་ནི་ཉེ་བར༌བཅར།།
19 སུ་ཞིག་ཁོང་ལ་གུས་ཤིང་འཇིགས་གྱུར༌ན། །ཁོང་གིས་དེ་ཡི་རེ་བ་སྐོང་བྱེད༌ཅིང༌། །དེ་རྣམས་འོ་དོད་གསན་ཞིང་སྐྱོབ་པར༌མཛད།།
20 ཡ་ཝཱེས་རང་ལ་གཅེས་མཁན་རྣམས་སྲུང༌ཞིང༌། །མི་ངན་ཐམས་ཅད་རྩ་ནས་འཇོམས་བྱེད༌དོ།།
21 བདག་གི་ངག་ལས་ཡ་ཝཱེར་བསྟོད་བསྔགས༌བརྗོད། །སྲོག་ལྡན་ཀུན་གྱིས་ཁྱེད་ཀྱི་མཚན་དམ༌པར། །རྟག་ཏུ་བསྟོད་ཅིང་བསྔགས་པ་བརྗོད་པར༌ཤོག།