གསུང་མགུར་བཅུ་བདུན༌པ།
ཉེས་མེད་ཀྱི་གསོལ་འདེབས།
1 ༼དཱ་བིད་ཀྱི་གསོལ༌འདེབས།༽ ཀྱེ་ཀྱེ་ཡ་ཝཱེ་བདེན་པར་གསན་དུ༌གསོལ། །བདག་གི་འོ་དོད་ལ་ནི་གསན་དུ༌གསོལ། །ལྕེ་གཉིས་མཆུ་ལས་བྱུང་བ་མ་ཡིན༌པའི། །བདག་གི་གསོལ་འདེབས་ལ་ནི་སྙན་གཏོད༌མཛོད།།
2 ཁྱེད་དྲུང་བདག་གི་ཁྲིམས་ཐག་གཅོད་པར༌ཤོག །ཁྱེད་ཀྱི་སྤྱན་གྱིས་དྲང་པོར་གཟིགས་པར༌མཛོད།།
3 ཁྱེད་ཀྱིས་ང་ཡི་སེམས་ལ་དཔྱད་པ༌དང༌། །མཚན་གྱི་དུས་སུ་ང་ལ་བརྟགས་པ༌ཡིན། །བདག་ལ་ཚོད་བགམ་བྱས་ཀྱང་ཅང་མི༌རྙེད། །སྨྲ་སྒོ་མི་འཆུག་སེམས་ཐག་བཅད་ནས༌ཡོད།།
4 འཇིག་རྟེན་མི་ཡི་བྱ་སྤྱོད་གླེང་ན༌ནི། །ཁྱེད་ཀྱི་ཞལ་ནས་ཐོན་པའི་བཀའ་ལ༌བརྟེན། །གདུག་རྩུབ་ཅན་གྱི་ལམ་ལས་རང་ཉིད༌བསྲུངས།།
5 ཁྱེད་ཀྱི་ལམ་ནང་བདག་གི་གོམ་སྟབས༌བརྟན། །ང་ཡི་རྐང་པ་འགྲེད་པར་མ་གྱུར༌ཏོ།།
6 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་ང་རང༌ལ། །བཀའ་ལན་གནང་བས་བདག་གིས་ཁྱེད་ལ༌ཞུ། །ང་ཡི་གསོལ་འདེབས་སྙན་གྱིས་གསན་དུ༌གསོལ།།
7 བྱམས་བརྩེ་ཆེན་པོའི་ངོ་མཚར་སྟོན་པར༌མཛོད། །ཁྱེད་ལ་སྐྱབས་སུ་འོང་བ་ཕྱག་གཡས༌པས། །ཁོ་ཚོའི་དགྲ་ལས་སྐྱོབ་པར་མཛད་པ༌འོ།།
8 བདག་ནི་མིག་འབྲས་བཞིན་དུ་བསྲུང་བར༌མཛོད། །གཤོག་པའི་གྲིབ་བསིལ་འོག་ཏུ་སྦ་བར༌གནོངས།།
9 ང་རང་བཙན་གནོན་བྱེད་པའི་མི་ངན༌དང༌། །མཐའ་ནས་བསྐོར་ཅིང་སྲོག་ལ་རྔམ་པ༌ཡི། །བདག་གི་དགྲ་བོ་རྣམས་ལས་ཐར་བར༌མཛོད།།
10 དེ་ཚོའི་སྙིང་ནི་ཚིལ་གྱིས་བཏུམས་པ་དང༌། །ཁ་རུ་ཁེངས་དྲེགས་གཏམ་རྣམས་སྨྲ་བ༌འོ།།
11 དེ་ཚོས་ངེད་རྣམས་དེད་ཅིང་མཐའ་ནས༌བསྐོར། །སྡང་མིག་བགྲད་ཀྱིན་ས་རུ་བརྡབ་རྩིས༌བྱེད།།
12 དེ་དག་དབྲལ་བར་རྔམ་པའི་སེང་གེ༌བཞིན། །ཕག་ཏུ་འཇབ་པའི་སེང་གེ་དར་མ༌འདྲ།།
13 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་ཡར་བཞེངས༌ནས། །དགྲ་ལ་འཐབ་ནས་དེ་རྣམས་སར་བརྡབ༌རོགས། །རལ་གྲིས་ངའི་སྲོག་ངན་ལས་སྐྱོབ་པར་མཛོད།།
14 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་ཕྱག་གིས༌ནི། །ཚེ་འདི་ཁོ་ནར་སྐལ་བ་ལྡན་པ༌ཡི། །འཇིག་རྟེན་མི་ལས་ང་རང་ཐར་བར༌མཛོད། །གཏེར་གྱིས་དེ་རྣམས་ལྟོ་བ་འགྲང་བར༌མཛོད། །དེ་ཚོ་བུ་ཕྲུག་མང་པོས་ཡིད་ཚིམ༌ཅིང༌། །རྒྱུ་ནོར་ལྷག་མ་བུ་རྒྱུད་རྣམས་ལ༌བཞག།
15 ང་ཡིས་དྲང་བདེན་ནང་དུ་ཁྱེད་མཇལ༌འོང༌། །གཉིད་ལས་སད་དུས་ཁྱེད་ཀྱི་སྣང་བརྙན༌མཇལ། །དེ་བས་ང་རང་ཀུན་ནས་ཚིམ་པར༌འགྱུར།།