གསུང་མགུར་ཉེར་དགུ༌པ།
ཆར་རླུང་དྲག་པོ་ཁྲོད་ཀྱི་དཀོན་མཆོག་ཡ་ཝཱེའི་གསུང་སྐད།
1 ༼དཱ་བིད་ཀྱི་མགུར༌མ།༽ ཀྱེ་ཀྱེ་ལྷ་ཡི་སྲས་རྣམས་ཡ་ཝཱེ༌ཡི། །གཟི་བརྗིད་ནུས་མཐུ་ལ་ནི་བསྔགས་པར༌གྱིས།།
2 ཡ་ཝཱེའི་མཚན་ལ་འབྱོར་བའི་བསྟོད་པ༌ཕུལ། །གཟབ་གོས་དམ་པ་གྱོན་ནས་ཡ་ཝཱེར༌ཐུད།།
3 ཡ་ཝཱེའི་གསུང་སྐད་ཆུ་རྣམས་སྟེང་དུ༌མཆིས། །དཔལ་ལྡན་དཀོན་མཆོག་གསུང་སྐད་འབྲུག་སྒྲར༌མཚུངས། །ཡ་ཝཱེས་ཆུ་ཆེན་རྣམས་སྟེང་འབྲུག་སྒྲ༌ལྡིར།།
4 ཡ་ཝཱེའི་གསུང་སྐད་མཐུ་སྟོབས་ལྡན་པ༌འོ། །ཡ་ཝཱེའི་གསུང་སྐད་ཟིལ་ཤུགས་ཀྱིས་ཁྱབ༌བོ།།
5 ཡ་ཝཱེའི་གསུང་སྐད་ཀྱིས་ནི་ཐང་ཤིང༌བཅག །ཡ་ཝཱེས་ལེ་པཱ་ནོན་གྱི་ཐང་ཤིང༌བཅག།
6 ཁོང་གིས་ལེ་པཱ་ནོན་ནི་བ་ཕྲུག་དང༌། །སིར་ཡོན་ གླང་རྒོད་ཕྲུག་ལྟར་མཆོང་བར༌མཛད།།
7 ཡ་ཝཱེའི་གསུང་སྐད་གློག་དམར་བཞིན་དུ༌འཁྱུག།
8 ཡ་ཝཱེའི་གསུང་སྐད་ཀྱིས་ནི་དབེན་སྟོང༌སྒུལ། །ཡ་ཝཱེས་ཀཱ་དེའི་ཤཱ་ཡི་དབེན་སྟོང༌གཡོ།།
9 ཡ་ཝཱེའི་གསུང་སྐད་ཀྱིས་ནི་ཤྭ་མོ༌དཀྲོག །དེ་ལ་ཤ་ཕྲུག་བཙའ་བའི་ཟུག་གཟེར༌བསྐྱེད། །ནགས་ཀྱི་ལྗོན་ཤིང་གཅེར་བུར་བཤུ་མཛད༌ཅིང༌། །ཁོང་གི་མཆོད་ཁང་ནང་གི་མི་ཀུན༌གྱིས། །ཇི་འདྲའི་གཟི་བརྗིད་ཆེ་ཨང་ཞེས་བརྗོད༌དོ།།
10 ཆུ་ལོག་འབྱུང་དུས་ཡ་ཝཱེ་རྒྱལ་ཁྲིར༌བཞུགས། །ཁོང་ཉིད་རྒྱུན་ནས་རྒྱུན་དུ་རྒྱལ་ཁྲིར༌བཞུགས།།
11 ཡ་ཝཱེས་འབངས་མི་ལ་ནི་སྟོབས་ཤུགས༌བསྩལ། །ཞི་བདེའི་བྱིན་རླབས་དེ་རྣམས་ལ་གནང༌ངོ༌།།