གསུང་མགུར་ཞེ་དྲུག༌པ།
དཀོན་མཆོག་ང་ཚོ་དང་མཉམ་དུ་བཞུགས་པ།
1 ༼དབུ་མཛད་ལ་སྐྱེས་མའི་གཞས་གདངས་མཐོན་པོར་བླངས་པའི་ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ དཀོན་མཆོག་རང་ཅག་སྐྱབས་གནས་སྟོབས་ཤུགས༌ཡིན། །སྡུག་བསྔལ་ནང་དུ་ང་ཚོའི་སྐྱབས་ལགས༌སོ།།
2 དེའི་ཕྱིར་ས་གཞི་འགུལ་ཞིང་རི་བོ༌རྣམས། །བརྡིབས་ནས་རྒྱ་མཚོའི་གཏིང་དུ་ནུབ་པ༌དང༌།།
3 རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་ནས༌ནི། །རི་རྣམས་བསྒུལ་ཡང་ང་ཚོར་འཇིགས་པ༌མེད།།༼ སེ༌ལཱ། ༽
4 དེ་རུ་གཙང་པོ་ཞིག་ཀྱང་ཡོད་པ༌དང༌། །ཆུ་ཕྲན་མང་པོས་བླ་མེད་དཀོན་མཆོག༌གི །བཞུགས་གནས་དམ་པའི་གྲོང་ཁྱེར་སྐྱིད་པར༌བྱེད།།
5 དཀོན་མཆོག་དབུས་སུ་བཞུགས་པས་གཡོ་མི༌འགྱུར། །ཐོ་རངས་དཀོན་མཆོག་གིས་ནི་དེར་གྲོགས༌མཛད།།
6 ཕྱི་ཕྱོགས་མི་རྣམས་འུར་སྒྲོག་རྒྱལ་ཁམས༌གཡོ། །ཁོང་གིས་གསུང་སྐད་བཏོན་པས་ས་གཞི༌ཞུ།།
7 དཔུང་ཚོགས་ཡ་ཝཱེ་རང་ཅག་མཉམ་དུ༌བཞུགས། །ཡ་ཀོབ་དཀོན་མཆོག་ང་ཚོའི་སྐྱབས་གནས༌ལགས།།༼ སེ༌ལཱ། ༽
8 ས་གཞི་ཇི་ལྟར་སྟོངས་སུ་བཅུག་པ༌ཡི། །ཡ་ཝཱེའི་མཛད་པ་རྣམས་ལ་བལྟ་རུ༌ཤོག།
9 ཁོང་གིས་ས་མཐའི་བར་དུ་དམག་འཁྲུག༌སེལ། །གཞུ་བཅག་མདུང་གཏུབ་ཤིང་རྟ་མེར་བསྲེགས༌སོ།།
10 དཀོན་མཆོག་ང་ཡིན་རྟོགས་ནས་ལྷོད་ལྷོད༌གྱིས། །མི་རིགས་རྣམས་ཀྱི་ཁྲོད་དུ་བདག་ལ༌བསྟོད། །ས་གཞི་ཡོངས་སུ་བདག་ལ་བསྟོད་པ༌འབྱུང༌།།
11 དཔུང་ཚོགས་ཡ་ཝཱེ་རང་ཅག་མཉམ་དུ༌བཞུགས། །ཡ་ཀོབ་དཀོན་མཆོག་ང་ཚོའི་སྐྱབས་གནས༌ལགས།།༼ སེ༌ལཱ། ༽