གསུང་མགུར་ཞེ་དགུ༌པ།
རྒྱུ་ནོར་ལ་བརྟེན་པའི་བླུན་རྨོངས།
1 ༼དབུ་མཛད་ལ་སྤྲད་པའི་ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ མི་སྡེ་ཡོངས་ཀྱིས་བདག་གི་གཏམ་ལ༌གསོན། །རྣ་བ་གཏོད་ཅིག་འཇིག་རྟེན་སྐྱེ་དགུ༌ཀུན།།
2 མཆོག་དམན་དབུལ་ཕྱུག་གང་ཡིན་ཉོན་ཅིག༌ཀྱེ།།
3 བདག་གི་ངག་ལས་ཤེས་རབ་གཏམ་སྨྲ༌ཞིང༌། །བདག་གི་སེམས་ནས་དོན་ཟབ་བསམ་བློ༌གཏོང༌།།
4 བདག་གིས་ལེགས་བཤད་ཅིག་ལ་རྣ་བ༌གཏད། །པི་ཝང་སྒྲ་དང་སྦྲགས་ནས་གབ་ཚིག༌འགྲེལ།།
5 སྡུག་བསྔལ་མང་དུ་འབྱུང་བའི་ཉིན་མོ༌ལ། །མི་ངན་བདག་གི་རྐང་བའི་རྗེས་འབྲངས༌ཏེ། །ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་མཐའ་བསྐོར༌ཡང༌། །བདག་ནི་འཇིགས་པའི་སྐལ་བ་ཡོད་དམ༌ཅི།།
6 དེ་ཚོས་རྒྱུ་ལ་བརྟེན་ནས་འབྱོར་ཕྱུག༌ངོམས།།
7 འོན་ཀྱང་དེ་ལས་རང་གི་སྤུན་ཟླ༌ནི། །སྐྱོབ་པར་ནུས་པ་གཅིག་ཀྱང་ཡོད་མ༌ཡིན། །ཡང་ན་དེ་ཡི་ཚབ་ཏུ་དཀོན་མཆོག༌ལ། །བླུ་རིན་འབུལ་བར་ནུས་པ་ཡོད་མ༌ཡིན།།
8-9 དུར་ལ་མི་འཇུག་རྟག་ཏུ་གསོན་པའི༌ཕྱིར། །ཚེ་སྲོག་ཉོ་བའི་བླུ་རིན་རྫོགས་མེད༌པས། །འཇལ་བའི་བསམ་པ་རྟག་ཏུ་འདོར་དགོས༌བྱུང༌།།
10 སུས་ཀྱང་ཤེས་རབ་ལྡན་པ་འཆི་བ༌མཐོང༌། །བླུན་ཞིང་རྨོངས་པ་མཉམ་དུ་འཆི་བ༌མཐོང༌། །དེ་ཡི་རྒྱུ་ནོར་ཐམས་ཅད་གཞན་ལ༌འཐོབ།།
11 དེ་ཚོའི་སེམས་སུ་རང་གི་ཁྱིམ་གཞིས༌ཀུན། །རྟག་ཏུ་གནས་ཤིང་ཕྱི་མར་དབང་བར༌སྙམ། །ས་ལ་རང་གི་མིང་ཡང་འདོགས་པར༌བྱེད།།
12 འོན་ཀྱང་རྙེད་བཀུར་ནང་དུ་སྡོད་མི༌རིང༌། །འཆི་བར་འགྱུར་བའི་དུད་འགྲོ་ནང་བཞིན༌ཡིན།།
13 དེ་ཚོའི་བྱེད་ལུགས་གླེན་པ་ཡིན་ན༌ཡང༌། །མི་རབས་རྗེས་མ་དེ་ཚོའི་གཏམ་ལ༌མོས།།༼ སེ༌ལཱ། ༽
14 དེ་རྣམས་གཤིན་ཡུལ་མངགས་པའི་ལུག་ཁྱུ༌བཞིན། །འཆི་བ་དངོས་ནི་རྫི་བོ་ཤ་སྟག༌ཡིན། །ཞོགས་པའི་དུས་སུ་གཞུང་དྲང་མི་རྣམས༌ཀྱིས། །དེ་རྣམས་དབང་ཤེད་དྲག་པོས་གནོན་པར༌བྱེད། །གཤིན་པོའི་གནས་ཀྱིས་དེ་དག་ལུས་གཟུགས༌འཇོམས། །དེ་ལ་སྡོད་པའི་གནས་ཀྱང་མེད་པར༌བྱས།།
15 འོན་ཀྱང་བདག་གི་རྣམ་ཤེས་དཀོན་མཆོག༌གིས། །གཤིན་པོའི་གནས་ཀྱི་དབང་ཤུགས་ནས་བླུས༌ཏེ། །བདག་ནི་ཁོང་གི་དྲུང་དུ་འདྲེན་པར༌སྲིད།།༼ སེ༌ལཱ། ༽
16 སུ་ཞིག་རྒྱུ་ནོར་འཛོམས་ཤིང་དཔལ་རྒྱས༌དུས། །ཁྱོད་ཀྱི་སེམས་ནི་འཁྲུགས་པར་མི༌བྱ་འོ།།
17 གང་ལ་ཞེ་ན་ཁོ་རང་འཆི་བའི༌དུས། །རྒྱུ་ནོར་ལ་སོགས་ཅི་ཡང་འཁྱེར་མི༌ནུས། །གཟི་དཔལ་ཁོ་ཡི་རྗེས་སུ་འབྲང་བ༌མིན།།
18 དེ་ཡང་ཁོ་རང་གསོན་པོར་འཚོ་དུས༌སུ། །རང་ཉིད་བྱིན་རླབས་ཅན་ཡིན་ཞེས་སྨྲ༌ཞིང༌། །རང་ཕན་ཅན་ལ་གཞན་གྱིས་བསྟོད་ར༌བྱེད།།
19 ཁོ་ནི་མེས་པོའི་གྲས་སུ་འགྲོ་བ༌དང༌། །འོད་ཟེར་དངོས་ནི་ནམ་ཡང་མཐོང་བ༌མེད།།
20 རྙེད་བཀུར་ནང་དུ་གོ་རྟོགས་མ་བྱུང༌ན། །འཆི་བར་འགྱུར་བའི་དུད་འགྲོ་ལས་མ༌མཆིས།།