གསུང་མགུར་ང་གཉིས༌པ།
དཀོན་མཆོག་གི་ཁྲིམས་གཅོད་དང་བཀའ་དྲིན།
1 ༼ཨེ་དོམ་པ་དོ་ཨེག་སོང་ནས་སོ་ལོ་ལ་དཱ་བིད་ནི་ཨ་ཧི་མེ་ལེག་གི་ཁྱིམ་དུ་འཛུལ་སོང་ཞེས་སྨྲས་པའི༌ཚེ། དཱ་བིད་ཀྱིས་བསླབ་བྱའི་མགུར་མ་འདི་བརྩམས་ནས་དབུ་མཛད་ལ་སྤྲད༌པ།༽ དཔའ་རྒོད་ཁྱོད་ཀྱིས་སེམས་ངན་ཅི་ལ༌ངོམ། །དཀོན་མཆོག་ཁོང་གི་བྱམས་བརྩེ་དུས་རྒྱུན༌གནས།།
2 ཁྱོད་ཀྱི་ལྕེ་ཡིས་ངན་ཇུས་གཤོམ་པ༌དང༌། །སྤུ་གྲི་རྣོན་པོ་བཞིན་དུ་གཡོ་སྒྱུ༌སྤེལ།།
3 ཁྱོད་རང་བཟང་པོ་ལས་ནི་ངན་པར༌དགའ། །དྲང་པོའི་གཏམ་ལས་རྫུན་ལ་ལྷག་ཏུ༌གདུང༌།།༼ སེ༌ལཱ། ༽
4 གཡོ་ཅན་ལྕེ་ཁྱོད་སྲོག་ལེན་གཏམ་ལ༌དགའ།།
5 དཀོན་མཆོག་གིས་ཀྱང་ཁྱོད་ནི་གཏན་དུ༌གཞོམ། །ཁོང་གིས་བཟུང་ནས་གུར་སྒོར་བསྐྲད་པ༌དང༌། །གསོན་པོའི་ཡུལ་དུ་རྩ་ནས་བརླག་པར༌བྱེད།།༼ སེ༌ལཱ། ༽
6 དྲང་པོས་མཐོང་ཞིང་འཇིགས་པར་འགྱུར་བ༌དང༌། །དེ་ལ་ཁྲེལ་དགོད་བྱེད་ཅིང་འདི་བཞིན༌དུ།།
7 ལྟོས་དང་དཀོན་མཆོག་སྟོབས་སུ་མ་བཟུང༌བར། །རང་གི་རྒྱུ་ནོར་མང་པོར་བློ་གཏད༌དེ། །གཞན་པ་བརླག་ནས་རང་ལ་ཤེད་བཅུག༌སྨྲ།།
8 འོན་ཀྱང་བདག་ནི་དཀོན་མཆོག་བཞུགས་གནས༌ནང༌། །ལོ་འདབ་རྒྱས་པའི་སྐྱུ་རུ་ཤིང་དང༌འདྲ། །དུས་རྒྱུན་དཀོན་མཆོག་བྱམས་བརྩེར་བློ་གདེང༌བསྐྱེད།།
9 ཁྱེད་ཀྱིས་དེ་ལྟར་འཕྲིན་ལས་མཛད་པས་ན། །ང་ཡིས་རྟག༌ཏུ་ཁྱེད་ལ་གཏང་རག་འབུལ། །ཁྱེད་ཀྱི༌མཚན་སྙན་མཆོག་ཏུ་གྱུར་པས་ན། །དད་ལྡན་མདུན་དུ་བདག་གིས་དེ་ལ་རེ། །