གསུང་མགུར་དོན་ལྔ༌པ།
དཀོན་མཆོག་ནི་ཁྲིམས་ཐག་གཅོད་མཁན་ཡིན་པ།
1 ༼འཕུང་མ་འཇུག་ཅེས་པའི་དབྱངས་སྤྱད་ནས་བླངས་ཤིང་དབུ་མཛད་ལ་སྤྲད་པའི་ཨ་སབ་ཀྱི་མགུར༌མ།༽ དཀོན་མཆོག་ང་ཚོས་ཁྱེད་ལ་གཏང་རག༌འབུལ། །ཁྱེད་མཚན་ཉེ་བར་བཞུགས་པས་གཏང་རག༌འབུལ། །ཁྱེད་ཀྱི་ངོ་མཚར་མཛད་པ་མི་ཡིས༌གླེང་།།
2 བདག་གིས་གཏན་ལ་ཕབ་པའི་དུས་དེ༌ལ། །དྲང་གཞག་ངང་ནས་ཁྲིམས་ཐག་གཅོད་པར༌བྱ།།
3 ས་དང་དེ་ཡི་མི་རྣམས་འཕུང་གྱུར༌ཏོ། །ས་གཞིའི་ཀ་བ་རྣམས་ནི་ངས་བཙུགས༌སོ།།༼ སེ༌ལཱ། ༽
4 ང་རྒྱལ་ཅན་ལ་རང་མཐོང་མ་ཆེ༌དང༌། །ངན་པར་རྭ་དུང་བསྒྲེང་བར་མ་བྱེད༌ཅིག།
5 ཁྱོད་ཚོའི་རྭ་དུང་ནམ་མཁར་མ་བསྒྲེང༌ཞིག །མགོ་བོ་བཏེགས་ནས་གཏམ་གླེང་མ་བྱེད༌གསུངས།།
6 ཅིའི་ཕྱིར་ཞེ་ན་གོང་དུ་བཀུར་བ༌ནི། །ཤར་ནུབ་དབེན་སྟོང་གང་ནས་ཀྱང་མ༌བྱུང༌།།
7 དཀོན་མཆོག་གཅིག་པོས་དཔྱད་ཁྲ་གཏོང་བ༌སྟེ། །སུ་ཞིག་མར་འབེབས་ཡར་འཐེན་ཁོང་གིས༌མཁྱེན།།
8 ཡ་ཝཱེའི་ཕྱག་ཏུ་མཆོད་ཞལ་བསྣམས་ཡོད༌ཅིང༌། །དེའི་ནང་རྒུན་ཆང་འདྲེས་མས་གང་བ༌དང༌། །རྒུན་ཆང་དེ་ལས་ལྦུ་བ་སོབ་སོབ༌འཕྱུར། །ཁོང་གིས་དེ་ཡི་ནང་ནས་བླུགས་པར༌མཛད། །ས་གཞིའི་མི་ངན་ཀུན་གྱིས་དེའི་སྙིགས༌རོ། །ངེས་པར་བཏུང་ཞིང་ཚར་བའི་བར་དུ༌འཐུང༌།།
9 འོན་ཀྱང་བདག་གིས་རྟག་ཏུ་ཁྱབ་བསྒྲགས༌བྱ། །ཡ་ཀོབ་དཀོན་མཆོག་ཁོང་ལ་བསྟོད་དབྱངས༌འབུལ།།
10 ངན་པའི་རྭ་དུང་ཐམས་ཅད་བདག་གིས༌གཅོག །དྲང་བདེན་རྣམས་ཀྱི་རྭ་དུང་འདེགས་ངེས༌ཡིན།།