གསུང་མགུར་གྱ་བདུན༌པ།
ཛ་ཡན་གྱི་བསྔགས་བརྗོད།
༼ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ རི་བོ་དམ་པར་ཡ་ཝཱེའི་རྟེན་གཞི༌ཡོད།། ཡ་ཀོབ་ཁོང་གི་སྡོད་གནས་ཡོད་ཚད༌ལས། །ཛ་ཡན་སྒོ་རྣམས་ཡ་ཝཱེས་གཅེས་སུ༌འཛིན།། ཀྱེ་མ་དཀོན་མཆོག་ཉིད་ཀྱི་གྲོང་ཁྱེར༌ལགས། །གཟི་བརྗིད་ལྡན་པའི་དོན་རྣམས་ཁྱེད་ལ༌སྨྲ།།༼ སེ༌ལཱ། ༽ ང་རང་ཤེས་པ་རྣམས་ལས་ར་ཧབ་*དང༌། །པཱ་པེལ་ལོན་གཉིས་བདག་གིས་གླེང་བར༌བྱ། །ཕེ་ལེ་ཤེད་དང་ཐཱར་དང་གུ་ཤར༌ལྟོས། །འདི་ནི་དེ་རུ་སྐྱེས་ཞེས་བདག་གིས༌སྨྲ།། འདི་དང་དེ་གཉིས་ཡུལ་དེར་སྐྱེས་པ༌ཞེས། །ཛ་ཡན་སྐོར་ལ་དེ་སྐད་སྨྲ་བར༌འགྱུར། །བླ་མེད་ཁོང་གིས་དེ་ནི་བརྟན་པོར༌མཛད།། ཡ་ཝཱེས་མི་སྡེ་རྣམས་ཀྱི་གྲངས་ལེན༌དུས། །མི་འདི་དེ་རུ་སྐྱེས་ཞེས་འབྲི་བར༌འགྱུར།།༼ སེ༌ལཱ། ༽ ང་ཡི་ཆུ་མིག་ཐམས་ཅད་ཁྱེད་ནང༌ཡོད། །དེ་སྐད་གླུ་པ་གར་མཁན་རྣམས་ཀྱིས༌ཞུ།།
* གསུང་མགུར་གྱ་བདུན༌པ།:4 འདིར་ར་ཧབ་ཅེས་པ་ནི་ཨེ་ཅིབ་ཡུལ་ལ་འཇུག༌ཅིང༌། ཡེས་ར་ཨེལ་ཁྱུར་མིད་གཏོང་བའི་སྲིན་པོ་ཞིག་གི་མིང་ལ་ཡང༌འཇུག