གསུང་མགུར་དགུ༌པ།
དཀོན་མཆོག་ཡ་ཝཱེའི་དྲང་བདེན་ལ་བསྟོད་པ།
༼བུ་ཤི་བ་ཞེས་པའི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ ཡ་ཝཱེར་རྩེ་གཅིག་གིས་ནི་གཏང་རག༌འབུལ། །ཁྱེད་ཀྱི་མཛད་པ་ངོ་མཚར་ཅན་ཀུན༌བརྗོད།། ཁྱེད་ཕྱིར་ང་རང་དགའ་མགུ་ཡི་རང༌འགྱུར། །བླ་མེད་ཁྱེད་ཀྱི་མཚན་ལ་བསྟོད་དབྱངས༌འབུལ།། བདག་གི་དགྲ་རྣམས་ཁ་ཕྱིར་འཁོར་ནས༌ནི། །འབྲོ་བའི་དུས་སུ་ཁྱེད་ཀྱི་ཞལ་དྲུང༌དུ། །ས་རུ་འགྱེལ་ཞིང་མེད་པར་འགྱུར་བ༌འོ།། རྒྱུ་མཚན་ཁྱེད་ཀྱིས་ང་ལ་དཀར་འདོན༌གནང༌། །ཁྱེད་ཀྱིས་ང་ཡི་རྩོད་པའི་ཕྱོགས་མཛད༌བྱུང༌། །རྒྱལ་ཁྲིར་བཞུགས་ནས་དྲང་པོའི་ཁྲིམས་བཅད༌དོ།། ཁྱེད་ཀྱིས་མི་རིགས་རྣམས་ལ་བཀའ་བཀྱོན༌གནང༌། །མི་ངན་གཏན་མེད་བཏང་ཞིང་དེ་དག༌གི །མིང་ནི་ཇི་སྲིད་བར་དུ་བསུབས་པ༌འོ།། དགྲ་བོ་རྣམས་ཀྱི་མཇུག་འབྲས་སླེབས་བྱུང༌སྟེ། །དེ་རྣམས་རྒྱུན་ནས་རྒྱུན་དུ་བརླག་པར༌འགྱུར། །དེ་ཚོའི་གྲོང་ཁྱེར་དག་ནི་རྩ་ནས༌བཤིགས། །དེ་དག་གྲགས་པ་ཡང་ནི་གཏན་མེད༌མཛད།། འོན་ཀྱང་ཡ་ཝཱེ་རྟག་ཏུ་རྒྱལ་ཁྲིར༌བཞུགས། །ཁྲིམས་ཐག་གཅོད་ཕྱིར་ཁོང་གིས་རྒྱལ་ཁྲི༌བཙུགས།། འཇིག་རྟེན་ཡོངས་ལ་ཁྲིམས་ཐག་དྲང་པོར༌གཅོད། །མི་སྡེ་ཀུན་ནི་དྲང་གཞག་ངང་ནས༌སྐྱོང༌།། གཉའ་གནོན་འོག་ཏུ་གདུང་བའི་མི་ལ༌ནི། །ཡ་ཝཱེ་ཁོང་ཉིད་མཁར་རྫོང་མཐོན་པོ༌དང༌། །དཀའ་སྡུག་གནས་སུ་ལྷུང་དུས་སྐྱབས་གནས༌ཡིན།། 10 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་འཚོལ་མཁན༌ནི། །ཁྱེད་ཀྱིས་ནམ་ཡང་དོར་བ་མེད་པས༌ན། །ཁྱེད་མཚན་རྟོགས་པའི་མི་ནི་ཁྱེད་ལ༌བརྟེན།། 11 ཛ་ཡན་རི་བོའི་ཡ་ཝཱེར་བསྟོད་དབྱངས༌ཕུལ། །ཁོང་གི་མཛད་འཕྲིན་མི་སྡེའི་དཀྱིལ་ནས༌སྒྲོགས།། 12 ཡ་ཝཱེས་སྐྱོ་བོ་རྣམས་ནི་ཐུགས་སུ༌འཇགས། །དེ་དག་སྨྲེ་སྔགས་བརྗེད་པར་མི་འགྱུར༌ཞིང་། །ཁོང་གིས་དེ་ཚོའི་སྲོག་ལན་འཇལ་ཡོང༌ངོ༌།། 13 ཀྱེ་ཀྱེ་ཡ་ཝཱེ་ང་ལ་སྙིང་རྗེ༌མཛོད། །སྡང་མཁན་རྣམས་ཀྱི་བཙན་གནོན་གཟིགས་ནས༌ནི། །ང་རང་འཆི་བའི་སྒོ་ལས་འཐེན་པར༌མཛོད།། 14 དེ་ནས་ཁྱེད་ཀྱི་བསྔགས་པ་བདག་གིས༌བརྗོད། །ཛ་ཡན་བུ་མོའི་ *མཁར་སྒོ་རྣམས༌སུ་ཡང་། །ཁྱེད་ཀྱི་ཐར་པའི་དབང་གིས་དགའ་མགུ༌རངས།། 15 མི་རིགས་རྣམས་ནི་རང་བརྐོས་དོང་ལ༌ལྷུང༌། །རྐང་པ་རང་གིས་བཙུགས་པའི་རྙི་རུ༌ཚུད།། 16 ཡ་ཝཱེས་ཁྲིམས་ཐག་བཅད་ནས་རང་ཉིད༌མངོན། །མི་ངན་རང་བྱས་ལས་ཀྱིས་བཅིངས་པ༌ཡིན།། ༼ སེ༌ལཱ། ༽ 17 མི་ངན་རྣམས་དང་དཀོན་མཆོག་བརྗེད་པའི༌རྒྱུད། །ཐམས་ཅད་གཤིན་པོའི་ཡུལ་དུ་ལོག་པར༌འགྱུར།། 18 དབུལ་ཕོངས་རྣམས་ནི་རྟག་ཏུ་བརྗེད་མི༌འགྱུར། །ཉམ་ཐག་རེ་བ་གཏན་དུ་ཟད་པ༌མིན།། 19 མི་ལ་རྒྱལ་ཁ་ལོན་པར་མི་མཛད༌ཕྱིར། །ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་བཞེང་བར་མཛོད། །ཁྱེད་དྲུང་མི་རིགས་རྣམས་ལ་ཁྲིམས་ཐག་གཅོད།། 20 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱིས་མི་རིགས༌རྣམས། །འཇིགས་ཤིང་སྐྲག་པར་མཛོད་ཅིག་ཁོ་རྣམས༌ཀྱིས། །རང་ཉིད་མི་ཙམ་ཡིན་པ་རྟོགས་གྱུར༌ཅིག། ༼ སེ༌ལཱ། ༽
* གསུང་མགུར་དགུ༌པ།:14 ཛ་ཡན་བུ་མོ་ཞེས་པ་ནི་ཡེ་རུ་སཱ་ལེམ་གྲོང་ཁྱེར་ཡིན༌ལ། དེ་ནི་ཛ་ཡན་རི་ལ་ཆགས་ཡོད་པས་མིང་ལ་དེ་ལྟར་ཐོགས་པ༌ཡིན།