གསུང་མགུར་གོ་ལྔ༌པ།
སྐྱོབ་པར་མཛད་པའི་དཀོན་མཆོག་ལ་བསྟོད་པ།
1 ཤོག་དང་ང་ཚོས་ཡ་ཝཱེར་བསྟོད་དབྱངས༌འབུལ། །རང་ཅག་སྐྱོབ་པའི་བྲག་རིར་དགའ་འབོད༌བྱེད།།
2 རང་ཅག་རྣམས་ཀྱིས་ཁོང་ལ་བཀའ་དྲིན༌ཞུ། །གླུ་སྐད་ཆེན་པོས་ཁོང་ལ་བསྔགས་བརྗོད༌བྱ།།
3 ཡ་ཝཱེ་ཁོང་ཉིད་དཀོན་མཆོག་ཆེན་པོ༌དང༌། །ལྷ་ཚོགས་ཀུན་ལས་བླ་ན་འཕགས་པ༌ཡི། །རྒྱལ་པོ་ཆེན་པོ་ངོ་མཚར་ཆེ་ཕྱིར༌རོ།།
4 ས་གཞིའི་ནང་སྙིང་ཁོང་གི་ཕྱག་ཏུ༌མཆིས། །རི་རྩེ་མཐོན་པོ་དག་ཀྱང་ཁོང་ལ༌དབང༌།།
5 རྒྱ་མཚོ་ཆེན་པོ་ཁོང་ལ་དབང་བ༌སྟེ། །དེ་ནི་ཁོང་གིས་དངོས་སུ་བསྐྲུན་པ༌ལགས། །སྐམ་ས་སོགས་ཀྱང་ཁོང་གི་ཕྱག་གིས༌མཛད།།
6 ཤོག་དང་ལུས་སར་བཏུད་ནས་ཕྱག་འཚལ༌བགྱི། །རང་ཅག་མཛད་མཁན་ཡ་ཝཱེའི་སྐུ་དྲུང་དུ། །པུས་མོ་ས་ལ་བཙུགས་ནས་ཕྱག་འཚལ་བགྱི། །
7 ཁོང་ཉིད་ང་ཚོའི་དཀོན་མཆོག་ཡིན་ལགས༌ཤིང༌། །རང་ཅག་ཁོང་གི་རྩྭ་ཁའི་ལུག་ཁྱུ༌དང༌། །ཁོང་གིས་བདག་སྐྱོང་མཛད་པའི་མི་ཡིན༌ཏེ། །དེ་རིང་ཁྱོད་ཚོས་ཁོང་གི་བཀའ་ཐོས་ན།།
8 ཉིན་མོ་དེ་ལ་མེ་རི་བཱ་ཡུལ༌ཏེ། །དབེན་སྟོང་ཡུལ་གྱི་མཱ་སཱར་བྱས་པ༌ལྟར། །ཁྱོད་ཚོས་སེམས་རྒྱུད་གྱོང་པོ་མ་བྱེད༌ཅིག།
9 ཁྱོད་ཚོའི་མེས་པོས་ང་ཡི་འཕྲིན་ལས༌མཐོང༌། །ཡིན་ཡང་ང་ལ་ཚོད་བགམ་བྱས་ཤིང༌བརྟག།
10 མི་རབས་དེ་ལ་བགྲང་བྱ་བཞི་བཅུའི༌རིང༌། །ང་རང་ཞེན་པ་ལོག་ཅིང་འདི་བཞིན༌དུ། །འདི་ནི་ལོག་ལམ་ཞུགས་པའི་འབངས་མི༌སྟེ། །བདག་གི་སྤྱོད་ལམ་མི་ཤེས་ཞེས་སུ༌སྨྲས།།
11 དེའི་ཕྱིར་བདག་ནི་ཁྲོས་ནས་དམ་བཅས་ཤིང༌། །ཁོ་རྣམས་བདག་གི་ངལ་གསོ་དེའི་ནང༌དུ། །གཏན་ནས་ཞུགས་པར་མི་བྱ་ཞེས་པ་འོ།།