ལེའུ་བཅུ་བདུན་པ།
ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད།
1 ཨ་སཱའི་སྲས་ཡེ་ཧོ་ཤ་ཕད་ནི་ཁོའི་ཚབ་ཏུ་རྒྱལ་པོར་བཞུགས་ཏེ། ཡེས་ར་ཨེལ་པ་ལ་རྒོལ་ཉེན་ཟོན་དུ་རང་གི་སྟོབས་བརྟས་པར་བྱས་ནས།
2 ཁོང་གིས་ཡ་ཧུ་དཱའི་འགོག་སྲུང་གྲོང་ཁྱེར་ཚང་མའི་ནང་དུ་དམག་མི་བཞག་ཅིང་། ཡང་ཡ་ཧུ་དཱ་ཡུལ་དང་ཡབ་ཨ་སཱས་བླངས་པའི་ཨེ་ཕཱར་ཡིམ་གྱི་གྲོང་ཁྱེར་ཀུན་ལ་སྲུང་དམག་བཞག
3 ཡེ་ཧོ་ཤ་ཕད་རང་གི་ཡབ་མེས་དཱ་བིད་དང་ཐོག་འགྲུལ་བའི་ལམ་ནང་འགྲུལ་ཞིང་། པཱ་ཨལ་རྣམས་མ་བཙལ་བས། དཀོན་མཆོག་ཡ་ཝཱེ་ཁོང་དང་མཉམ་དུ་བཞུགས།
4 ཁོང་གིས་རང་གི་ཡབ་ཀྱི་དཀོན་མཆོག་འབའ་ཞིག་བཙལ་ཏེ། ཁོང་གི་བཀའ་ཁྲིམས་རྣམས་བསྲུངས་ཤིང་། ཡེས་ར་ཨེལ་པ་རྣམས་ཀྱི་སྤྱོད་པའི་རྗེས་སུ་མ་འབྲངས་པས།
5 དཀོན་མཆོག་ཡ་ཝཱེས་ཁོང་གིས་སྐྱོང་བའི་རྒྱལ་སྲིད་བརྟན་པོར་མཛད་དེ། ཡ་ཧུ་དཱ་ཡུལ་སོ་སོས་ཁོང་ལ་ཕྱག་རྟེན་ཕུལ་བས། ཡེ་ཧོ་ཤ་ཕད་ནི་ནོར་དང་གཟི་བརྗིད་ལྡན་པར་གྱུར་ཏོ། །
6 ཡང་ཁོང་གིས་དཔའ་སེམས་བསྐྱེད་ནས་དཀོན་མཆོག་ཡ་ཝཱེའི་གཤེགས་ལམ་གྱི་ནང་དུ་འགྲུལ་བར་མ་ཟད། ཡ་ཧུ་དཱ་ཡུལ་ནས་མཐོ་གླིང་དང་ཨ་ཤེ་རཱ་རྣམས་ཚར་བཅད་དོ། །
7 ཁོང་གིས་རྒྱལ་སྲིད་བསྐྱངས་པའི་ལོ་གསུམ་པར། རང་གི་བློན་ཆེན་རྣམས་ལས་པེན་ཧ་ཨིལ་དང་། ཨོ་བད་ཡཱ། ཟཱ་ཀར་ཡ། ནེ་ཐན་ཨེལ། མི་ཀ་ཡཱ་བཅས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལ་བསླབ་བྱ་གནང་བར་བཏང་ཞིང་།
8 དེ་དག་དང་མཉམ་དུ་ད་དུང་ལེ་ཝི་པ་ལས་ཤེ་མ་ཡཱ་དང་། ནེ་ཐན་ཡཱ། ཟེ་པད་ཡཱ། ཨ་སཱ་ཧེལ། ཤེ་མི་ར་མོད། ཡེ་ཧོ་ན་ཐཱན། ཨ་དོ་ནི་ཡཱ། ཏོ་བི་ཡཱ། ཏོབ་ཨ་དོ་ནི་ཡཱ་བཅས་ཀྱང་སོང་ཞིང་། མཆོད་དཔོན་ཨེ་ལི་ཤ་མ་དང་ཡེ་ཧོ་རཱམ་གཉིས་ཀྱང་བརྫངས།
9 དེ་དག་གིས་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་ཀྱི་མདོ་རྣམས་ཁྱེར་ཅིང་ཡ་ཧུ་དཱ་རུ་བསླབ་བྱ་གནང་བ་དང་། ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ཏུ་རྒྱུ་ནས་མི་ཀུན་ལ་ཆོས་བསྟན།
ཡེ་ཧོ་ཤ་ཕད་ཀྱི་མཛད་རྗེས།
10 དེར་ཡ་ཧུ་དཱའི་མཐའ་འཁོར་གྱི་རྒྱལ་ཁམས་ཐམས་ཅད་ནི་དཀོན་མཆོག་ཡ་ཝཱེ་ལ་འཇིགས་ཏེ། ཡེ་ཧོ་ཤ་ཕད་ལ་འཐབ་མ་ནུས་པ་རེད།
11 ཕེ་ལེ་ཤེད་པ་རྣམས་ལས་འགའ་ཞིག་གིས་ཡེ་ཧོ་ཤ་ཕད་ལ་ཕྱག་རྟགས་དང་དངུལ་ཁྲལ་ཕུལ་བ་དང་། ཨ་རབ་པས་ཀྱང་ཁོང་ལ་ལུག་ཐུག་བདུན་སྟོང་བདུན་བརྒྱ་དང་། ར་ཐུག་བདུན་སྟོང་བདུན་བརྒྱ་ཕུལ་བའོ། །
12 དེ་ནས་ཡེ་ཧོ་ཤ་ཕད་ལྷག་པར་དར་ནས་རབ་ཏུ་ཆེན་པོར་གྱུར་པ་དང་། ཡ་ཧུ་དཱའི་ནང་དུ་མཁར་དང་བང་མཛོད་ཀྱི་གྲོང་ཁྱེར་རྣམས་བརྩིགས་ཏེ།
13 ཡ་ཧུ་དཱའི་གྲོང་ཁྱེར་རྣམས་སུ་དངོས་ཟོག་འབོར་ཆེན་བསགས་པ་དང་། ཡེ་རུ་སཱ་ལེམ་དུའང་ཁོང་གི་དམག་མི་དཔའ་རྩལ་ཅན་མང་པོ་ཡོད་དོ། །
14 ཡང་ཁྱིམ་རྒྱུད་བཞིན་དུ་དེ་རྣམས་ཀྱི་གྲངས་ཀ་ནི་འདི་ལྟ་སྟེ། ཡ་ཧུ་དཱ་ཚོ་པའི་སྟོང་དཔོན་རྣམས་ལས། དམག་དཔོན་ཨད་ནཱ་དང་མཉམ་དུ་དམག་མི་དཔའ་རྩལ་ཅན་ཁྲི་སུམ་ཅུ་དང་།
15 དེ་ནས་སྟོང་དཔོན་ཡེ་ཧོ་ཧ་ནན་ཏེ། དེ་དང་མཉམ་དུ་མི་ཁྲི་ཉེར་བརྒྱད་ཡོད་དོ། །
16 ཡང་དེ་ནས་ཟིག་རིའི་བུ་ཨ་མས་ཡཱ་ཡོད་དེ། ཁོ་ནི་རང་མོས་ཀྱིས་དཀོན་མཆོག་ཡ་ཝཱེའི་དོན་དུ་ལས་བྱེད་དུ་ཞུགས་པའི་མི་ཞིག་ཡིན་པ་དང་། ཁོ་དང་མཉམ་དུ་དམག་མི་དཔའ་རྩལ་ཅན་ཁྲི་ཉི་ཤུ་ཡོད་པ་ཡིན།
17 པེན་ཡཱ་མེན་ཚོ་པ་ལས་དམག་མི་དཔའ་རྩལ་ཅན་ཨེལ་ཡ་དཱ་ཡོད་དེ། ཁོ་དང་མཉམ་དུ་མདའ་གཞུ་དང་ཕུབ་སྤྲད་པ་མི་འབུམ་གཉིས་ཡོད་པ་ཡིན།
18 དེ་ནས་ཡེ་ཧོ་ཟཱ་བད་ཡོད་དེ། ཁོ་དང་མཉམ་དུ་དམག་ལ་འགྲོ་ཆོག་པ་ཁྲི་བཅོ་བརྒྱད་ཡོད་པ་ཡིན།
19 དེ་ཐམས་ཅད་ནི་རྒྱལ་པོར་ཞབས་ཕྱི་བྱེད་མཁན་ཡིན་ལ། རྒྱལ་པོས་ཡ་ཧུ་དཱ་ཡུལ་ཀུན་གྱི་འགོག་སྲུང་གྲོང་ཁྱེར་རྣམས་སུ་བཞག་པ་རྣམས་འདིའི་ནང་དུ་བརྩིས་མེད་དོ། །