ལེའུ་དྲུག་པ།
སོ་ལོ་མོན་གྱིས་མི་ཚོགས་ལ་གཏམ་གླེང་བ།
1 སྐབས་དེར་སོ་ལོ་མོན་ན་རེ། སྔར་དཀོན་མཆོག་ཡ་ཝཱེས་ཁོང་ནི་སྤྲིན་ནག་སྟུག་པོའི་ནང་དུ་གནས་པར་འགྱུར་ཞེས་གསུངས་ཤིང་།
2 བདག་གིས་ཁྱེད་ལ་མཆོད་ཁང་བརྗིད་ཆགས་ཤིག་བཞེངས་ཏེ། ཁྱེད་དུས་གཏན་དུ་གནས་པའི་བཞུགས་གནས་ཡིན་ནོ་ཞུས་ནས།
3 རྒྱལ་པོས་ཞལ་ཕྱིར་འཁོར་ཏེ་ཡེས་ར་ཨེལ་གྱི་མི་ཚོགས་ལ་བྱིན་རླབས་གནང་བ་དང་མི་ཚོགས་ཡོངས་རྫོགས་ལངས་ནས་བསྡད།
4 སོ་ལོ་མོན་ན་རེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ནི་བསྟོད་པར་འོས་སོ། །ཅི་ལ་ཞེ་ན། ཁོང་གིས་ངའི་ཕ་དཱ་བིད་ལ་དངོས་སུ་ཞལ་བཞེས་གནང་བ་གང་ཞིག་ཕྱག་གིས་བསྒྲུབས་པས་སོ། །ཁོང་གིས་འདི་སྐད་དུ།
5 བདག་གིས་རང་གི་འབངས་མི་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པའི་ཉིན་མོ་དེ་ནས་བཟུང་། བདག་གི་མིང་དེར་གནས་པའི་ཆེད་དུ་མཆོད་ཁང་ཞིག་བཞེང་བར་ཡེས་ར་ཨེལ་གྱི་ཚོ་པ་ཁག་ནས་གྲོང་ཁྱེར་གང་ཡང་མ་འདེམས། ཡང་བདག་གི་འབངས་མི་ཡེས་ར་ཨེལ་ལ་དབང་སྒྱུར་བའི་ཆེད་དུ་སྐྱེ་བོ་གང་ཡང་འགོ་དཔོན་དུ་མ་འདེམས།
6 ཡིན་ཡང་བདག་གིས་རང་གི་མིང་དེར་གནས་པའི་ཆེད་དུ་ཡེ་རུ་སཱ་ལེམ་དང་། རང་གི་འབངས་མི་ཡེས་ར་ཨེལ་ལ་དབང་སྒྱུར་བའི་ཆེད་དུ་དཱ་བིད་འགོ་དཔོན་དུ་བདམས་པ་ཡིན་ཞེས་གསུངས་པས།
7 ངའི་ཕ་དཱ་བིད་ཀྱི་སེམས་སུ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཚན་གྱི་ཕྱིར་མཆོད་ཁང་ཞིག་བཞེང་བའི་འདུན་པ་ཡོད་མོད།
8 འོན་ཀྱང་དཀོན་མཆོག་ཡ་ཝཱེས་ངའི་ཡབ་དཱ་བིད་ལ་འདི་སྐད་དུ་། ཁྱོད་ཀྱི་སེམས་སུ་བདག་གི་མིང་ལ་མཆོད་ཁང་ཞིག་བཞེང་བའི་འདུན་པ་ཡོད་པ་ནི་ལེགས་སོ། །
9 འོན་ཀྱང་ཁྱོད་ཀྱིས་མཆོད་ཁང་བཞེང་བར་མི་བྱའོ། །ཁྱོད་ཀྱི་བུ་སྟེ་ཁྱོད་ལས་སྐྱེས་པའི་བུ་ཡིས་ངའི་མིང་གི་ཕྱིར་མཆོད་ཁང་བཞེང་བར་འགྱུར་ཞེས་གསུངས་སོ། །
10 ད་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའི་བཀའ་ནང་བཞིན་འགྲུབ་པར་མཛད་དེ། བདག་ནི་རང་གི་ཡབ་དཱ་བིད་ཀྱི་ཚབ་ཏུ་ཡེས་ར་ཨེལ་གྱི་རྒྱལ་ཁྲིར་བསྡད་ནས། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཚན་ལ་མཆོད་ཁང་འདི་བརྩིགས་པ་ཡིན།
11 ཡང་ངས་ཞལ་ཆད་ཀྱི་ཤུར་སྒམ་མཆོད་ཁང་གི་ནང་དུ་བཞག་ཅིང་། དེའི་ནང་དུ་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་མཛད་པའི་ཞལ་ཆད་བཞུགས་པ་ཡིན་ཞེས་སྨྲས་སོ། །
སོ་ལོ་མོན་གྱི་གསོལ་འདེབས།
12 དེ་ནས་སོ་ལོ་མོན་ནི་ཡེས་ར་ཨེལ་གྱི་མི་ཚོགས་མདུན་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་དྲུང་དུ་ལངས་ནས་ལག་ཟུང་བརྐྱངས་པའོ། །
13 སྔར་སོ་ལོ་མོན་གྱིས་ལི་ཡི་སྟེགས་བུ་ཞིག་བཞེངས་པ་སྟེ། རིང་ཚད་ལ་ཁྲུ་ལྔ་དང་ཞེང་ལ་ཁྲུ་ལྔ། མཐོ་ཚད་ལ་ཁྲུ་གསུམ་བཅས་ཡོད་པ་དེ་ཕྱིའི་ར་སྐོར་དཀྱིལ་དུ་བཞག་ནས། ཁོང་དེའི་སྟེང་དུ་ལངས་བསྡད་པ་དང་། དེ་ནས་ཡེས་ར་ཨེལ་མི་ཚོགས་ཀྱི་མདུན་དུ་པུས་མོ་སར་བཙུགས་ནས་ནམ་མཁའི་ཕྱོགས་སུ་ལག་ཟུང་བརྐྱངས་ཏེ་ན་རེ།
14 ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལགས། གནམ་ས་གཉིས་སུ་ཁྱེད་ལྟ་བུའི་དཀོན་མཆོག་སུ་ཡང་མེད། ཁྱེད་ཀྱིས་བསམ་པ་རྩེ་གཅིག་གིས་ཁྱེད་ཀྱི་དྲུང་དུ་འགྲུལ་བའི་ཞབས་ཕྱི་རྣམས་ལ་ཞལ་ཆད་སྲུང་ཞིང་ཐུགས་རྗེས་གཟིགས་པ་ཡིན།
15 ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་སྟེ་བདག་གི་ཕ་དཱ་བིད་ལ་གནང་བའི་ཞལ་བཞེས་ཐམས་ཅད་བསྲུངས་པ་དང་། ཁྱེད་ཀྱིས་ཞལ་ནས་གསུངས་ཤིང་ཕྱག་གིས་དེ་རིང་གི་ཉིན་མོ་བཞིན་མཛད་པ་ཡིན།
16 ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་སྟེ་བདག་གི་ཕ་དཱ་བིད་ལ་ཞལ་བཞེས་གནང་སྟེ་འདི་སྐད་དུ། ཇི་སྟེ་ཁྱོད་ཀྱི་བུ་རྒྱུད་ཀྱིས་བདག་གི་བཀའ་ཁྲིམས་བསྲུངས་ནས་རང་གི་སྤྱོད་སྟངས་ལ་གཟབ་གཟབ་བྱེད་པ་སྟེ། ཁྱོད་ཀྱིས་ངའི་མདུན་དུ་ཇི་ལྟར་བྱས་པ་བཞིན་བྱེད་ན། ངའི་མདུན་དུ་ཡེས་ར་ཨེལ་གྱི་རྒྱལ་ཁྲིར་སྡོད་མཁན་ནམ་ཡང་རྒྱུན་ཆད་པར་མི་འགྱུར་ཞེས་གསུངས་པ་ཡིན། ད་ནི་ཁྱེད་ཀྱིས་དེ་བཞིན་མཛོད་ཅིག
17 ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལགས། ད་ནི་ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་དཱ་བིད་ལ་གནང་བའི་ཞལ་བཞེས་འགྲུབ་པར་མཛོད་ཅིག
18 དཀོན་མཆོག་ཉིད་དངོས་གནས་མི་དང་མཉམ་དུ་ས་གཞིར་བཞུགས་པར་འགྱུར་རམ། གཟིགས་དང་། ནམ་མཁའ་དང་ནམ་མཁའི་ཡང་སྟེང་གི་ནམ་མཁའ་རུ་ཡང་ཁྱེད་མི་ཤོང་བས། བདག་གིས་བཞེངས་པའི་མཆོད་ཁང་འདིར་ལྟ་ཅི་སྨོས།
19 ཀྱེ་ང་ཡི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱིའི་སྨོན་ལམ་དང་ཞུ་བ་ལ་གསན་པར་མཛོད། ཁྱེད་ཀྱི་དྲུང་དུ་ཞུ་བའི་གསོལ་འདེབས་དང་འོ་དོད་ལ་གསན་དུ་གསོལ།
20 ཡང་ཁྱེད་ཀྱི་སྤྱན་གྱིས་ཉིན་མཚན་མེད་པར་མཆོད་ཁང་འདི་ལ་གཟིགས་རོགས་གནང་། ཁྱེད་ཀྱི་མཚན་གྱི་ཕྱིར་བཞེངས་པའི་བཞུགས་གནས་འདིར་གཟིགས་རོགས། ཁྱེད་ཀྱི་ཞབས་ཕྱིས་གནས་འདིར་བཏབ་པའི་གསོལ་འདེབས་ལ་ཡང་གསན་པར་མཛོད་ཅིག
21 ཡང་ཁྱེད་ཀྱི་ཞབས་ཕྱི་དང་ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་གྱི་ཞུ་བ་སྟེ། ཁོ་རྣམས་ཀྱིས་གནས་འདི་ཕྱོགས་སུ་བཏབ་པའི་སྨོན་ལམ་ལ་གསན་པར་མཛོད། ཁྱེད་ཀྱིས་ཉིད་ཀྱི་བཞུགས་གནས་ཏེ་ནམ་མཁའ་ནས་གསན་པར་མཛོད། ཡང་གསན་པ་ཙམ་གྱིས་སྡིག་པ་བསལ་བར་མཛོད་ཅིག
22 གལ་ཏེ་མི་ཞིག་གིས་རང་གི་ཁྱིམ་མཚེས་དང་འགལ་བའི་སྡིག་པ་བྱས་ཤིང་། གཞན་ཞིག་གིས་དེ་ལ་མནའ་འཁུར་དུ་འཇུག་པའི་ཕྱིར་མི་དེས་མཆོད་ཁང་འདིར་འོངས་ནས་ཁྱེད་ཀྱི་མཆོད་ཁྲིའི་མདུན་དུ་མནའ་སྐྱེལ་བའི་དུས་སུ།
23 ཁྱེད་ཀྱིས་ནམ་མཁའི་ཞིང་ཁམས་ནས་དེར་གསན་ཏེ་ཞབས་ཕྱི་རྣམས་ལ་ཁྲིམས་ཐག་གཅོད་པར་མཛོད། ངན་པར་ཉེས་ཆད་བཅད་ནས་ཁོའི་ཉེས་པ་ཁོ་རང་གི་མགོ་ལ་འབེབ་པར་མཛོད། ཡང་ཉེས་མེད་ལ་དག་འབུད་མཛད་དེ་ཁོའི་དྲང་བདེན་བཞིན་གསོལ་རས་གནང་རོགས།
24 ཡང་གལ་ཏེ་ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་གྱིས་ཁྱེད་ལ་ཉེས་པ་བསགས་ནས་དགྲའི་མདུན་དུ་ཕམ་ཡང་། ཕྱིས་སུ་ཁྱེད་ཀྱི་ཕྱོགས་སུ་སེམས་བསྒྱུར་ནས་ཁྱེད་ཀྱི་མཚན་ཁས་བླངས་ཏེ། མཆོད་ཁང་འདིར་ཁྱེད་ཀྱི་དྲུང་དུ་སྨོན་ལམ་འདེབས་ཤིང་འོ་དོད་འདོན་ན།
25 ཁྱེད་ཀྱིས་ནམ་མཁའ་ནས་དེར་གསན་པ་དང་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་གྱི་སྡིག་པ་སེལ་ནས། ཁྱེད་ཀྱིས་ཁོ་རྣམས་དང་ཁོ་རྣམས་ཀྱི་ཕ་མེས་ལ་གནང་བའི་ཡུལ་དུ་ཕྱིར་འཁྲིད་པར་མཛོད་ཅིག
26 ཡང་ཁྱེད་ཀྱི་འབངས་མིས་ཁྱེད་ལ་ཉེས་པ་བསགས་པའི་རྐྱེན་གྱིས། ཁྱེད་ཀྱིས་ཁོ་རྣམས་ལ་ཉེས་ཆད་བཅད་དེ་ནམ་མཁའ་འགགས་ཤིང་ཆར་བ་མི་འབབ་པར་མཛད་པའི་ཚེ། གལ་སྲིད་དེ་དག་གིས་གནས་འདིར་གསོལ་བ་བཏབ་ནས་ཁྱེད་ཀྱི་མཚན་ཁས་བླངས་ཏེ་རང་གི་སྡིག་པ་སྤངས་ན།
27 ཁྱེད་ཀྱིས་ནམ་མཁའི་ཞིང་ཁམས་ནས་གསན་ཏེ། ཁྱེད་ཀྱི་ཞབས་ཕྱི་དང་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་པའི་སྡིག་པར་གུ་ཡངས་མཛད་པ་དང་། ཁོ་རྣམས་ལ་བགྲོད་འོས་པའི་ལམ་དྲང་པོ་དེ་སྟོན་ཞིང་། ཁྱེད་ཀྱི་འབངས་མི་ལ་ས་སྐལ་དུ་གནང་བའི་གནས་སུ་ཆར་བ་འབབ་པར་མཛོད་ཅིག
28 གལ་ཏེ་ཡུལ་འདིར་མུ་གེའམ་རིམས་ནད་དམ། སྐམ་རླུང་། གཡའ་སྤུ། ཆ་ག་པ། ཨ་ཚག་ཚག་པ་བཅས་ཡོད་པའམ། ཡང་ན་དགྲ་བོས་ཡུལ་ལྗོངས་བསྐོར་ནས་བར་ཆད་དམ་ནད་ཡམས་ཅི་རིགས་འབྱུང་བའི་ཚེ།
29 ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་ལས་མི་གང་ཞིག་དང་ཡང་ན་ཀུན་གྱིས་རང་གི་ཆག་སྒོ་དང་དཀའ་སྡུག་ཤེས་ནས། མཆོད་ཁང་འདིའི་ཕྱོགས་སུ་ལག་པ་བརྐྱངས་ཏེ་གསོལ་བ་བཏབ་ནས་ཞུ་བ་ཕུལ་ན།
30 ཁྱེད་ཉིད་བཞུགས་སའི་ནམ་མཁའི་ཞིང་ཁམས་ནས་དེར་གསན་ཏེ་སྡིག་པ་བསལ་བར་མཛོད། ཁྱེད་ཀྱིས་མི་རེ་རེའི་སེམས་མཁྱེན་པས་ན་དེའི་སྤྱོད་ལམ་བཞིན་དུ་བསྒྲུབས་ནས་ལན་གནང་བར་མཛོད། ཅིའི་ཕྱིར་ཞེ་ན། ཁྱེད་ཉིད་གཅིག་པུས་འཇིག་རྟེན་མིའི་རིགས་ཀྱི་སེམས་པ་མཁྱེན་པའི་ཕྱིར་རོ། །
31 ཁྱེད་ཀྱིས་ངེད་ཅག་གི་ཕ་མེས་ལ་གནང་བའི་ཡུལ་དུ་ཁོ་རྣམས་ཚེ་གང་པོར་ཁྱེད་ལ་གུས་ཤིང་འཇིགས་པ་དང་། ཁྱེད་ཀྱི་ལམ་ནང་འགྲུལ་བར་མཛོད།
32 ཡང་ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་ལ་མི་གཏོགས་པའི་ཕྱི་རོལ་པ་རྣམས་ཁྱེད་ཀྱི་མཚན་སྙན་དང་། ནུས་མཐུ་ལྡན་པའི་ཕྱག་དང་། ཕྱི་རུ་བརྐྱངས་པའི་དཔུང་པའི་རྐྱེན་གྱིས་རྒྱང་རིང་ནས་ཐོན་ཏེ། མཆོད་ཁང་འདིའི་ཕྱོགས་སུ་སྨོན་ལམ་བཏབ་ན།
33 ཁྱེད་ཀྱིས་ཉིད་ཀྱི་བཞུགས་གནས་ནམ་མཁའ་ནས་དེར་གསན་ཏེ། ཕྱི་རོལ་པ་དེས་ཁྱེད་ལ་ཅི་ཞུས་པ་ཐམས་ཅད་བསྒྲུབ་པར་མཛད་ཅིང་། ས་གཞིའི་སྟེང་གི་མི་ཐམས་ཅད་ཀྱིས་ཁྱེད་ཀྱི་མཚན་རྟོགས་ཤིང་། ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་བཞིན་དུ་ཁྱེད་ལ་གུས་ཤིང་འཇིགས་པ་དང་། ཡང་ངས་བཞེངས་པའི་མཆོད་ཁང་འདི་ནི་ཁྱེད་ཀྱི་མཚན་ལ་གཏོགས་པའི་བཞུགས་གནས་ཡིན་པ་ཤེས་པར་མཛོད།
34 ཡང་གལ་ཏེ་ཁྱེད་ཀྱི་འབངས་མི་ནི་ཁྱེད་ཀྱིས་མངགས་པའི་ལམ་དུ་དགྲ་བོར་དམག་འགྱེད་ནས། ཁྱེད་ཀྱིས་བདམས་པའི་གྲོང་ཁྱེར་འདིའི་ཕྱོགས་དང་། ངས་ཁྱེད་ཀྱི་མཚན་གྱི་ཕྱིར་བཞེངས་པའི་མཆོད་ཁང་འདིའི་ཕྱོགས་སུ་ཁྱེད་ལ་གསོལ་བ་བཏབ་ན།
35 ཁྱེད་ཀྱིས་ནམ་མཁའ་ནས་དེ་དག་གི་གསོལ་འདེབས་དང་འོ་དོད་ལ་གསན་ཏེ་ཁོ་རྣམས་རྒྱལ་བར་མཛོད་ཅིག
36 འཇིག་རྟེན་དུ་སྡིག་པ་མི་བྱེད་པ་སུ་ཡང་མེད་པས། གལ་ཏེ་ཁྱེད་ཀྱི་འབངས་མིས་ཁྱེད་ལ་སྡིག་པ་བྱས་པ་དང་། ཁྱེད་ཐུགས་ཁྲོས་ནས་དེ་དག་དགྲའི་ལག་ཏུ་གཏད་དེ། དགྲ་བོས་དེ་དག་ཡུལ་ཉེ་རིང་གང་དུ་བཙན་ཁྲིད་བྱས་ཤིང་།
37 དེ་དག་གིས་བཙན་ཁྲིད་བྱས་ནས་སོང་བའི་ཡུལ་དེར་བློ་ཁ་ཚུར་འཁོར་ནས། བཙན་ཁྲིད་བྱས་པའི་ཡུལ་དུ་འགྱོད་བཤགས་དང་བཅས་ཁྱེད་ལ་འདི་ལྟར། ངེད་ཅག་གིས་སྡིག་པ་བྱས་ཤིང་། ངེད་ཅག་གིས་ཉེས་པ་བཟོས་པ་དང་། ངེད་ཅག་གིས་ལས་ངན་པ་བྱས་པ་ཡིན་ཞེས་ཞུ་བ་ཕུལ་ནས་གསོལ་བ་འདེབས་པ་དང་།
38 ཡང་དེ་དག་བཙན་ཁྲིད་བྱས་ནས་སོང་བའི་ཡུལ་དུ་བློ་གཅིག་སེམས་གཅིག་གིས་ཁྱེད་ཀྱི་ཕྱོགས་སུ་འཁོར་ཞིང། རང་གི་ཡུལ་ཏེ་ཁྱེད་ཀྱིས་དེ་དག་གི་ཕ་མེས་ལ་གནང་བའི་ཡུལ་དང་། ཁྱེད་ཀྱིས་བདམས་པའི་གྲོང་ཁྱེར་དང་། ངས་ཁྱེད་ཀྱི་མཚན་གྱི་ཕྱིར་བཞེངས་པའི་མཆོད་ཁང་འདིའི་ཕྱོགས་སུ་སྨོན་ལམ་བཏབ་ན།
39 ཁྱེད་ཀྱིས་ཉིད་ཀྱི་བཞུགས་གནས་ཏེ་ནམ་མཁའ་ནས་དེ་དག་གི་གསོལ་འདེབས་དང་འོ་དོད་ལ་གསན་པ་དང་། དེ་དག་ལ་བདེན་ལུགས་གནང་ནས་ཁྱེད་ལ་ཉེས་པ་བསགས་པའི་མི་མང་གི་སྡིག་ཉེས་བསལ་བར་མཛོད་ཅིག
40 ཀྱེ་བདག་གི་དཀོན་མཆོག་ལགས། ད་ནི་ཁྱེད་ཀྱིས་སྤྱན་ཟུང་འབྱེད་པ་དང་། ཁྱེད་ཀྱི་སྙན་གྱིས་ཡུལ་འདིར་ཕུལ་བའི་གསོལ་འདེབས་ལ་གསན་པར་ཞུ།
41 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ད་ནི་ཁྱེད་ཉིད་ཡར་བཞེང་བར་ཞུ། ཁྱེད་དང་ཉིད་ཀྱི་མཐུ་སྟོབས་ལྡན་པའི་ཞལ་ཆད་ཀྱི་ཤུར་སྒམ་ནི་ཁྱེད་ཉིད་སྐུ་ངལ་གསོ་བའི་བཞུགས་གནས་ལ་ཕེབས་སུ་གསོལ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱི་མཆོད་དཔོན་རྣམས་ཀྱིས་ཐར་པའི་གོས་གྱོན་ཞིང་། ཁྱེད་ཀྱི་འབངས་མི་དམ་པ་རྣམས་ཉིད་ཀྱི་བྱིན་རླབས་ཁྲོད་དགའ་ཞིང་སྤྲོ་བར་གྱུར་ཅིག
42 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་བྱུགས་པའི་མི་ཡི་ངོ་མ༌བཟློག ཉིད་ཀྱི་ཞབས་ཕྱི་དཱ་བིད་ལ་ཞལ་བཞེས་གནང་བའི་བྱམས་བརྩེ་ནི་ཁྱེད་ཀྱི་ཐུགས་སུ་དྲན་དུ་གསོལ་ཞེས་གསོལ་བ་བཏབ་བོ། །