༄༅། །སཱ་མུ་ཨེལ་གྱི་མདོ་དང་པོ།
སཱ་མུ་ཨེལ་གྱི་མདོ་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སཱ་མུ་ཨེལ་དང་པོ་དང་གཉིས་པའི་གཞུང་འདི་གཉིས་ནི་ལུང་སྟོན་པ་སཱ་མུ་ཨེལ་གྱི་མིང་ནས་ཐོགས་པ་ཡིན། དཀོན་མཆོག་གིས་ཉིད་ཀྱི་ཐུགས་དགོངས་དང་མི་མཐུན་ནའང་ལུང་སྟོན་པ་སཱ་མུ་ཨེལ་བརྒྱུད་ནས་ཡེས་ར་ཨེལ་པ་རྣམས་ཀྱི་འདོད་པ་ལྟར་རྒྱལ་རྒྱུད་རིང་ལུགས་དར་བར་མཛད། ཐོག་མའི་དུས་སུ་སཱ་མུ་ཨེལ་དང་པོ་དང་གཉིས་པ་གཉིས་ཀ་གཞུང་གཅིག་ཡིན་མོད། འོན་ཀྱང་གྷི་རིག་གི་སྐད་དུ་བསྒྱུར་བའི་ཞལ་ཆད་རྙིང་པ་སྟེ་སིབ་ཐུ་ཨ་ཀྱན་ཏི་༼Septuagint༽ཞེས་པའི་ལོ་ཙཱ་པ་རྣམས་ཀྱིས་གཞུང་དེ་གཉིས་ཀ་གཞུང་གཉིས་སུ་བཀར་བ་རེད། སཱ་མུ་ཨེལ་དང་པོའི་གཞུང་དུ་སཱ་མུ་ཨེལ་དང་སོ་ལོ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་བཀོད་ཡོད་པར་མ་ཟད། དཱ་བིད་ཀྱི་མི་ཚེའི་ལོ་རྒྱུས་མང་ཆེ་བ་ཡང་བཀོད་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
སཱ་མུ་ཨེལ་དང་པོ་ཡི་གེར་འགོད་མཁན་སུ་ཡིན་པའི་ངོས་འཛིན་གསལ་པོ་ཞིག་མེད། གང་ལ་ཞེ་ན། གཞུང་གི་ནང་དུ་དེ་བཀོད་མི་འདུག ཡི་གེར་འགོད་མཁན་གྱིས་རྒྱལ་ཁམས་ཁག་བགོས་བྱས་པའི་གཞུག་ཙམ་དང་། ཕལ་ཆེར་སོ་ལོ་མོན་སྐུ་གཤེགས་པའི་རྗེས་ཏེ་སྤྱི་ལོ་སྔོན་གྱི་930ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
སཱ་མུ་ཨེལ་དང་པོའི་གཞུང་གི་ནང་དུ་ཡེས་ར་ཨེལ་ཡུལ་ནས་རྒྱལ་རྒྱུད་རིང་ལུགས་དར་བར་མཛད་པའི་གནས་ཚུལ་བཀོད་ཡོད། མང་ཚོགས་ཀྱིས་རྒྱལ་པོ་ཞིག་བསྐོ་དགོས་པའི་བསམ་ཚུལ་བཏོན་སྐབས། སཱ་མུ་ཨེལ་གྱིས་དཀོན་མཆོག་གི་ལམ་སྟོན་བརྒྱུད་ནས་སོ་ལོ་སྣུམ་གྱིས་བྱུགས་ནས་ཡེས་ར་ཨེལ་གྱི་ཆེས་ཐོག་མའི་རྒྱལ་པོར་བསྐོས། ཡིན་ནའང་སོ་ལོས་དཀོན་མཆོག་གི་བཀའ་མ་བརྩིས་པ་དང་དཀོན་མཆོག་གིས་ཁོ་རྒྱལ་པོའི་གོ་ས་ནས་ཕབ། དེ་ནས་སཱ་མུ་ཨེལ་གྱིས་གསང་བའི་སྒོ་ནས་སོ་ལོའི་ཚབ་ཏུ་དཱ་བིད་སྣུམ་གྱིས་བྱུགས་ནས་རྒྱལ་པོར་བསྐོས། དེ་ནས་བཟུང་སོ་ལོ་དང་དཱ་བིད་གཉིས་བར་གྱི་འཐབ་རྩོད་ཀྱི་བྱུང་རིམ་དེ་གཞུང་འདིའི་མཇུག་བར་དུ་བརྗོད་ཡོད། སོ་ལོ་དང་དཱ་བིད་གཉིས་ཀྱི་སྐྱོན་དང་སྡིག་པ་མངོན་པར་གྱུར་པ་དང་ཆབས་ཅིག ཁོང་གཉིས་ཀྱིས་བཟང་སྤྱོད་སྤེལ་བ་དང་དཀོན་མཆོག་གི་བཀའ་གསུང་ཡང་བརྩིས་ཡོད་པར་བསྟན་ཡོད།
འཆར་ཟིན།
1. ཡེས་ར་ཨེལ་ལ་རྒྱལ་རྒྱུད་ཚུགས་པའི་ལོ་རྒྱུས་རྒྱབ་ལྗོངས་སྐོར། ༼1:1-7:17༽
2. ཡེས་ར་ཨེལ་ལ་རྒྱལ་རྒྱུད་ཚུགས་པའི་སྐོར། ༼8:1-12:25༽
3. རྒྱལ་པོ་སོ་ལོས་སྲིད་ཡག་པོ་བསྐྱངས་མ་ཐུབ་པའི་སྐོར། ༼13:1-15:35༽
4. རྒྱལ་པོ་དཱ་བིད་དང་སོ་ལོ་གཉིས་ཀྱི་སྐོར། ༼16:1-30:31༽
5. སོ་ལོ་འདས་གྲོངས་སུ་གྱུར་པའི་སྐོར། ༼31:1-13༽
ལེའུ་དང་པོ།
ཨེལ་ཁ་ནཱ་འཁོར་དང་བཅས་པ་ཞི་ལོ་གྲོང་ཁྱེར་དུ་མཆོད་འབུལ་ལ་ཕྱིན་པ།
1 དེ་ཡང་ཨེ་ཕཱར་ཡིམ་རི་ཁུལ་གྱི་རཱ་མ་ཙུབ་ཅེས་པའི་ཡུལ་དུ་མིང་ལ་ཨེལ་ཁ་ནཱ་ཟེར་བའི་མི་ཞིག་ཡོད་ཅིང་། དེ་ནི་ཡེ་རོ་ཧཱམ་གྱི་བུ་ཡིན། ཡེ་རོ་ཧཱམ་ནི་ཨེ་ལི་ཧུ་ཡི་བུ་ཡིན། ཨེ་ལི་ཧུ་ནི་ཐོ་ཧོའུ་ཡི་བུ་ཡིན། ཐོ་ཧོའུ་ནི་ཙུབ་ཅེ ས་པའི་བུ་ཡིན་ཏེ། ཨེལ་ཁ་ནཱ་ནི་ཨེ་ཕཱར་ཡིམ་ཚོ་པའི་ཡིན་པ་བཅས་སོ། །
2 ཨེལ་ཁ་ནཱ་ལ་ཆུང་མ་གཉིས་ཡོད་ཅིང་། གཅིག་གི་མིང་ལ་ཧན་ནཱ་ཞེས་དང་། གཞན་པའི་མིང་ལ་ཕེན་ནེ་ནཱ་ཞེས་ཟེར། ཕེན་ནེ་ནཱ་ལ་ཕྲུ་གུ་ཡོད་པ་དང་། ཧན་ནཱ་ལ་ཕྲུ་གུ་མེད་དོ། །
3 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བའི་ཕྱིར་དུ། ཁོ་རང་ལོ་རེ་བཞིན་རང་གི་གྲོང་ཁྱེར་ནས་ཞི་ལོ་ཡུལ་དུ་ཕྱིན་པ་དང་། དེ་རུ་ཨེ་ལིའི་བུ་ཧོ་ཕེ་ནིས་དང་ཕེ་ནེ་ཧཱ་གཉིས་ནི་དཀོན་མཆོག་ཡ་ཝཱེ་ལ་མཆོད་དཔོན་བྱས་ཡོད་དོ། །
4 མཆོད་པ་འབུལ་བའི་ཉིན་ལ་ཁེལ་བའི་ཚེ། ཨེལ་ཁ་ནཱ་ཡིས་རང་གི་ཆུང་མ་ཕེན་ནེ་ནཱ་དང་དེའི་བུ་བུ་མོ་ཐམས་ཅད་ལ་མཆོད་པ་འབུལ་བྱ་གཏད་དོ། །
5 འོན་ཀྱང་། ཧན་ནཱ་ལ་མི་གཉིས་ཀྱི་སྐལ་གཏད་པ་དང་། དེ་ནི་ཁོས་ཧན་ནཱ་གཅེས་སུ་བཟུང་བའི་ཕྱིར་ཡིན། ཡིན་ནའང་དཀོན་མཆོག་ཡ་ཝཱེས་ཁོ་མོར་མངལ་མི་ཆགས་པར་མཛད།
6 དཀོན་མཆོག་ཡ་ཝཱེས་ཁོ་མོར་མངལ་མི་ཆགས་པར་མཛད་པའི་རྐྱེན་གྱིས། ཕེན་ནེ་ནཱ་ཡིས་ཀྱང་མོ་ལ་བརྙས་པའི་ཆེད་དུ་ཁོང་ཁྲོ་བསླངས།
7 དེ་ནས་ཁོ་མོ་ལོ་རེ་བཞིན་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་སུ་འགྲོ་སྐབས་ཕེན་ནེ་ནཱ་ཡིས་ཁོ་མོར་དྲག་ཏུ་བརྙས་པས་ངུས་ཤིང་ཟས་ཀྱང་མ་བསྟེན་པ་རེད།
8 ཡང་ཨེལ་ཁ་ནཱ་ཡིས་ཁོ་མོར། ཀྱེ་ཧན་ནཱ། ཁྱོད་རང་ངུས་ནས་ཟས་མི་བསྟེན་པ་དང་སེམས་སྐྱོ་བ་ཅི་ཡིན་ནམ། ཁྱོད་ལ་བུ་བཅུ་ལས་ཀྱང་ང་རང་ཡོད་པས་མི་བཟང་ངམ་ཞེས་དྲིས་སོ། །
ལྕམ་མོ་ཧན་ནཱ་ཡིས་བྱིས་པ་ཞིག་སྐྱེས་ཕྱིར་རེ་བཅོལ་ཞུས་པ།
9 ཡང་དེ་དག་གིས་ཞི་ལོ་རུ་བཟའ་བཏུང་སྤྱད་རྗེས་ཧན་ནཱ་ཡར་ལངས་པ་དང་། མཆོད་དཔོན་ཨེ་ལི་ནི་དཀོན་མཆོག་ཡ་ཝཱེའི་གུར་མཆོག་གི་སྒོ་འགྲམ་དུ་འདུག་སྟེགས་ཤིག་གི་སྟེང་བསྡད་ཡོད་པ་ལ།
10 ཧན་ནཱ་སེམས་ཤིན་ཏུ་སྐྱོ་སྟེ་དྲག་ཏུ་ངུས་ཤིང་། དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་ཞུས་པ་རེད།
11 ཧན་ནཱ་ཡིས་འདི་ལྟར་དམ་བཅས་ཏེ། ཀྱེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས། བདག་ལ་ཐུགས་བརྩེ་བར་དགོངས་ཤིག ཁྱེད་ཀྱི་གཡོག་མོ་བདག་གི་སྡུག་བསྔལ་འདི་ལ་གཟིགས་དང་། གལ་ཏེ་ཁྱེད་ཀྱིས་གཡོག་མོ་བདག་ལ་ཐུགས་མ་གཡེལ་བར་བུ་ཞིག་གནང་ན། བུ་དེ་ནི་ཇི་སྲིད་འཚོ་བའི་བར་དུ་དཀོན་མཆོག་ཡ་ཝཱེ་ཁྱེད་ལ་འབུལ་བར་བྱ་ཞིང་། དེའི་མགོ་ལ་སྐྲ་གྲིས་ཀྱང་ནམ་ཡང་རེག་པར་མི་བྱ་ཞེས་པའོ། །
12 ཁོ་མོས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཡུན་རིང་པོར་སྨོན་ལམ་བཏབ་པའི་ཚེ། ཨེ་ལིས་བུད་མེད་དེའི་ཁ་ལ་བལྟས།
13 ཧན་ནཱས་སེམས་གཏིང་ནས་སྨོན་ལམ་བཏབ་ཅིང་སྐད་མ་བཏོན་པར་མཆུ་ཏོ་འབའ་ཞིག་འགུལ་བས། ཨེ་ལིས་བུད་མེད་དེ་ནི་ར་བཟི་བར་བསམས།
14 དེའི་ཕྱིར་ཨེ་ལིས་ཁོ་མོར། ཁྱོད་དུས་ནམ་ཞིག་གི་བར་དུ་ར་བཟི་ནས་འདུག་གམ། ཁྱོད་ཀྱིས་ཆང་འཐུང་བར་མི་བྱའོ་ཞེས་བསྐུལ་བ་ན།
15 ཧན་ནཱས་དེའི་ལན་དུ། ཀྱེ་ཇོ་བོ་ལགས། དེ་ལྟར་མ་ཡིན། ངས་རྒུན་ཆང་དང་ཆང་གཞན་གང་ཡང་བཏུང་མེད་ཅིང་། ང་ནི་ཡིད་སེམས་སྐྱོ་བའི་བུད་མེད་ཅིག་ཡིན་པས། སྙིང་ནས་དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་བཏབ་པ་ཡིན།
16 ཁྱེད་ཀྱི་གཡོག་མོ་ནི་སྤྱོད་པ་ངན་པ་ཞིག་ཡིན་པར་མི་བསམ་རོགས། མི་གཞན་གྱི་བརྙས་བཅོས་ཐེབས་པའི་རྐྱེན་གྱིས་སེམས་འཁྲུག་ཅིང་ཡིད་སྐྱོ་བར་གྱུར་ཏེ་ངག་བསྡམས་ནས་གསོལ་བ་བཏབ་པ་ཡིན་ཞེས་ཞུས།
17 དེའི་ལན་དུ་ཨེ་ལིས། ཁྱོད་རང་བདེ་བདེ་ལྷོད་ལྷོད་ངང་ཕྱིར་སོང་ཞིག ཡེས་ར་ཨེལ་གྱི་དཀོན་མཆོག་གིས་ཁྱོད་ཀྱིས་གསོལ་བ་བཏབ་པ་བཞིན་དུ་མཛད་པར་སྨོན་ཞེས་སྨྲས།
18 ཡང་ཁོ་མོས། ཁྱེད་ཀྱིས་གཡོག་མོ་བདག་ལ་ཐུགས་རྗེས་གཟིགས་རོགས་ཞེས་ཞུས་ནས། བུད་མེད་དེ་རང་གི་ལམ་དུ་ཕྱིན་ཏེ། དེར་བཟའ་བཏུང་སྤྱད་ནས་གདོང་གི་སྡུག་ཉམས་མེད་པར་གྱུར་ཏོ། །
སཱ་མུ་ཨེལ་སྐྱེས་པ།
19 ཡང་ཨེལ་ཁ་ནཱ་དང་དེའི་ཁྱིམ་མི་ཐམས་ཅད་ཕྱི་ཉིན་སྔ་མོ་ཡར་ལངས་ཏེ། དཀོན་མཆོག་ཡ་ཝཱེ་ལ་ཕྱག་བཙལ་ནས་ཕྱིར་རཱ་མ་ཡུལ་དུ་རང་གི་ཁྱིམ་ལ་ལོག ཨེལ་ཁ་ནཱ་རང་གི་ཆུང་མ་ཧན་ནཱ་དང་འགྲོགས་ཤིང་དཀོན་མཆོག་ཡ་ཝཱེས་དེ་ཐུགས་སུ་དྲན་ཏོ། །
20 དུས་ལ་བབས་པ་ན། ཧན་ནཱ་མངལ་དང་ལྡན་པར་གྱུར་ནས་བུ་ཞིག་སྐྱེས་པ་དང་། ཁོ་མོས་ཕྲུ་གུ་འདི་དཀོན་མཆོག་ཡ་ཝཱེ་ནས་ཞུས་པ་ཡིན་ཞེས་སྨྲས་པས་དེའི་མིང་ལ་སཱ་མུ་ཨེལ་ཞེས་བཏགས་སོ། །
སཱ་མུ་ཨེལ་དཀོན་མཆོག་ལ་ཕུལ་བ།
21 དེ་ནས་དཀོན་མཆོག་ཡ་ཝཱེ་ལ་ལོ་རེའི་མཆོད་པ་འབུལ་བ་དང་དམ་ཚིག་བརྩི་བའི་ཕྱིར། ཨེལ་ཁ་ནཱ་ཡིས་ནང་མི་ཁྲིད་ནས་ཡར་འགྲོ་སྐབས།
22 ཧན་ནཱ་ཡར་མ་སོང་བར་ཁོ་མོས་རང་གི་ཁྱོ་ག་ལ། ཕྲུ་གུ་ལ་ནུ་མ་འགར་བའི་བར་དུ་ང་ཡར་མི་འགྲོ། དེ་ནས་ངས་བུ་འདི་ཁྲིད་ནས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་རྒྱུན་དུ་གནས་པའི་ཕྱིར་ཁོང་ལ་འབུལ་བར་བྱ་ཞེས་སྨྲས་པ་དང་།
23 མོའི་ཁྱོ་ག་ཨེལ་ཁ་ནཱ་ཡིས། ཁྱོད་ཀྱི་འདོད་པ་བཞིན་དུ་ནུ་མ་འགར་བའི་བར་དུ་ཁྱིམ་ལ་བསྡད་དེ། དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ཀྱིས་བཀའ་གནང་བ་ཐམས་ཅད་བསྒྲུབ་པར་མཛོད་ཅིག་ཅེས་སྨྲས། དེའི་ཕྱིར་ནུ་མ་འགར་བའི་བར་དུ་ཁོ་མ་སྨད་གཉིས་ཁྱིམ་དུ་བསྡད་དོ། །
24 ཡང་ནུ་མ་བཀར་བ་དང་། ཕྲུ་གུ་དང་། གླང་ཐུག་གསུམ་དང་། ཕྱེ་ཨེ་ཕཱ་གང་དང་། རྒུན་ཆང་རྐྱལ་བ་གང་བཅས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་ཕྱིར་ཞི་ལོ་གྲོང་ཁྱེར་གྱི་བཞུགས་གནས་སུ་ཁྱེར་ཅིང་། སྐབས་དེར་བུ་དེ་ད་དུང་ལོ་ན་གཞོན་ནོ། །
25 སྐབས་དེར་གླང་ཐུག་གཅིག་བཤས་ནས་ཕྲུ་གུ་ཨེ་ལིའི་མདུན་དུ་ཁྲིད།
26 དེ་ནས་ཧན་ནཱས། ཀྱེ་ང་ཡི་ཇོ་བོ་ལགས། བདག་གིས་ཁྱེད་ཀྱི་མདུན་དུ་དམ་བཅའ་བར་ཕོད་དེ། ང་རང་ནི་སྔོན་ཆད་འདིར་འོངས་ནས་དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་བཏབ་པའི་བུད་མེད་དེ་ཡིན།
27 ངས་བུ་འདིའི་ཆེད་དུ་སྨོན་ལམ་བཏབ་པ་ཡིན་ཞིང་། ཡང་དཀོན་མཆོག་ཡ་ཝཱེས་ངའི་སྨོན་ལམ་བཞིན་དུ་གནང་བྱུང་།
28 དེའི་ཕྱིར་ངས་ཀྱང་བུ་འདི་ནི་ཇི་སྲིད་འཚོ་བའི་བར་དུ་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བ་ཡིན་ཞེས་ཞུས་ཤིང་། དེ་ལྟར་གནས་དེ་རུ་དཀོན་མཆོག་ཡ་ཝཱེ་ལ་བསྟོད་པ་ཕུལ་ཏོ། །