ལེའུ་གཉིས་པ།
དཀོན་མཆོག་གིས་བདམས་པའི་མི་རྣམས།
1 དེའི་ཕྱིར་ངན་སེམས་དང༌། མགོ་སྐོར། ཁ་བཤད་དོན་ལ་མི་གནས་པ། ཕྲག་དོག སྨད་ར་གཏོང་བ་ཚང་མ་སྤོངས་ཤིག
2-3 ཁྱེད་ཚོས་གཙོ་བོའི་ཐུགས་རྗེ་མྱངས་པས། ཁྱེད་ཚོས་དམར་འབྱར་རྣམས་ལྷད་མེད་པའི་འོ་མ་ལ་གདུང་བ་ལྟར། དཀོན་མཆོག་གི་བཀའ་ལ་གདུང་བར་གྱིས་ཤིག དེ་ནས་ཁྱེད་ཚོ་ཐར་པའི་ཐོག་ནས་འཚར་ལོངས་འབྱུང༌།
* 4 ཁྱེད་ཚོ་དཀོན་མཆོག་གི་གསོན་པོའི་རྨང་རྡོ་མཱ་ཤི་ཀའི་མདུན་དུ་ཡོང་བཞིན་ཡོད། མི་རྣམས་ཀྱིས་ཁོང་དང་ལེན་མ་བྱས་ཀྱང༌། དཀོན་མཆོག་གི་སྤྱན་སྔར་ཁོང་བདམས་པ་དང་རྩ་ཆེན་ཡིན།
5 ཁྱེད་ཚོ་ཡང་གསོན་པའི་རྡོ་ལྟར་དཀོན་མཆོག་གི་ཐུགས་ཉིད་ཀྱི་ཕོ་བྲང་ལ་རྩིག་བཞིན་ཡོད་པ་མ་ཟད། དམ་པའི་ཆོས་དཔོན་ཡང་ཡིན། ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཁྱེད་ཚོས་དཀོན་མཆོག་ཐུགས་མཉེས་པའི་སེམས་ཉིད་ཀྱི་མཆོད་པ་འབུལ།
6 མདོ་ལས་འཁོད་པ་ལྟར།
ལྟོས་དང་ཙི་ཡོན་ཡུལ་གྲུར་ང་ཡིས་ནི། །
བདམས་པའི་རྩ་ཆེན་རྨང་རྡོ་ལེགས་པར་རྩིག །
ཁོང་ལ་དད་པ་ངོ་ཚར་མི་ལྷུང་ངོ༌། །
† ཞེས་འཁོད། 7 དེས་ན་དད་ལྡན་རྣམས་ལ་ཁོང་ནི་རྩ་ཆེན་ཡིན་ཏེ། མ་དད་པ་རྣམས་ལ་ནི།
བཟོ་བ་རྣམས་ཀྱིས་དོར་བའི་རྡོ། །
ཁང་པའི་རྨང་རྡོ་རང་དུ་གྱུར། །
‡ ཞེས་འཁོད། 8 ཡང༌།
ལམ་གྱི་བཀག་རྡོ་དང་ནི་ལྷུང་བའི་བྲག །
§ དེ་བཞིན་དུ་ཁོ་ཚོ་ལྷུང་བའི་རྒྱུ་མཚན་ནི་ཐོག་མར་བཀོད་པ་ལྟར་བཀའ་ལ་མ་ཉན་པས་སོ། །
9 འོན་ཀྱང་མུན་པ་ལས་ཁོང་གི་ཡ་མཚན་ཆེ་བའི་འོད་ནང་དུ་བོས་པར་མཛད་མཁན་དཀོན་མཆོག་གི་ཁྱད་དུ་འཕགས་པའི་མཛད་པ་སྒྲོག་པའི་ཕྱིར། ཁྱེད་ཚོ་ནི་བདམས་པའི་མི་རིགས་དང༌། རྒྱལ་རིགས་ཀྱི་ཆོས་དཔོན། མི་རྒྱུད་དམ་པ། དཀོན་མཆོག་གི་ཁོངས་མི་བཅས་ཡིན་ནོ། །
* 10 སྔར་སོང་ཁྱེད་ཚོ་འབངས་མི་མ་ཡིན་ཡང༌། །
ད་ཆ་དཀོན་མཆོག་གི་འབངས་མི་རུ་གྱུར། །
སྔར་སོང་ཁྱེད་ཚོར་ཐུགས་རྗེ་མ་ཐོབ་ཀྱང༌། །
ད་ནི་ཁྱེད་ཚོར་ཐུགས་རྗེ་ཐོབ་པར་གྱུར། །
དཀོན་མཆོག་གི་ཞབས་ཏོག་སྒྲུབ་དགོས།
11 གཅེས་པའི་སྤུན་ཟླ་རྣམས། ཁྱེད་ཚོ་གནས་གཡར་བ་དང་ངོ་མི་ཤེས་པ་ལྟར་འཇིག་རྟེན་འདིར་སྡོད་པས། ངས་ཁྱེད་ཚོའི་སེམས་ཉིད་ལ་རྒོལ་བའི་འདོད་ཆགས་སྤོང་བར་སྐུལ། 12 དད་མེད་པ་རྣམས་ཀྱི་ཁྲོད་དུ་སྤྱོད་ལམ་བཟང་པོ་བྱོས་ཤིག དེ་ནས་ཁོ་ཚོས་ཁྱེད་རྣམས་ངན་པ་བྱེད་མཁན་ཡིན་ཞེས་ཟེར་ཡང༌། ཁྱེད་ཚོའི་སྤྱོད་ལམ་བཟང་པོ་མཐོང་ནས་དཀོན་མཆོག་གི་འབྱོན་པའི་ཉིན་མོར་ཁོ་ཚོས་ཁོང་ལ་བསྟོད་བསྔགས་བྱེད་པར་འགྱུར། 13-14 ཁྱེད་ཚོས་གཙོ་བོའི་དོན་དུ་སྲིད་འཛིན་པ་ཐམས་ཅད་ལ་བཀུར་དགོས་ཏེ། དབང་ཆ་མཐོ་ཤོས་ཀྱི་རྒྱལ་པོའམ། ཡང་ན་ཁོང་གིས་མངགས་པའི་སྤྱི་ཁྱབ་རྣམས་ལ་བཀུར་དགོས། སྤྱི་ཁྱབ་རྣམས་མངགས་པའི་རྒྱུ་མཚན་ནི་ངན་པ་བྱེད་མཁན་རྣམས་ལ་ཆད་པ་གཏོང་ཞིང༌། ལེགས་སྤྱོད་མཁན་ལ་བསྟོད་པ་བྱེད་པའི་ཕྱིར་རོ། 15 གང་ལགས་ཤེ་ན། ཁྱེད་ཚོས་བཟང་པོ་བྱེད་པའི་སྒོ་ནས་བླུན་པོའི་གཏམ་འགོག་རྒྱུ་དེ་དཀོན་མཆོག་གི་ཐུགས་དགོངས་ཡིན། 16 ཁྱེད་ཚོ་དཀོན་མཆོག་གི་ཞབས་ཕྱི་ཡིན་ཏེ་རང་དབང་ལྡན་པ་ལྟར་མི་ཚེ་སྐྱེལ། འོན་ཀྱང་རང་དབང་ལ་ཁ་གཡར་ཏེ་ངན་པའི་ལས་མ་བྱེད། 17 མི་ཐམས་ཅད་ལ་བཀུར་སྟི་བྱོས། སྤུན་ཟླ་རྣམས་ལ་བྱམས་ཤིག དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང༌། རྒྱལ་པོ་ལ་བཀུར་སྟི་བྱོས།
སྡུག་བསྔལ་གྱི་མིག་དཔེ།
18 བྲན་གཡོག་རྣམས། སོ་སོའི་བདག་པོ་ལ་བཀུར་སྟི་ཆེན་པོས་ཁ་ལ་ཉན་དགོས། སེམས་བཟང་པོ་དང་འཇམ་པོ་ཁོ་ན་ལ་མ་ཡིན་པར། དྲག་པོ་རྣམས་ལའང་འདི་ལྟར་བྱེད་དགོས། 19 རྒྱུ་མཚན་ནི། གལ་ཏེ་དཀོན་མཆོག་གི་སྐོར་བསམ་བློ་བཏང་ནས་མི་འོས་པའི་སྡུག་བསྔལ་བཟོད་པར་བྱས་ན། དེ་ནི་དཀོན་མཆོག་གི་སྤྱན་སྔར་བསྟོད་པའི་རྒྱུ་ཡིན། 20 སྡིག་ལས་བྱས་པས་ཉེས་རྡུང་བཟོད་ན་བསྟོད་པའི་རྒྱུ་ཅི་ཡིན། འོན་ཀྱང་བཟང་པོ་བྱས་ནས་སྡུག་བསྔལ་བྱུང་བ་བཟོད་ན་དཀོན་མཆོག་གི་སྤྱན་སྔར་བསྟོད་པའི་རྒྱུ་ཡིན། 21 ཁྱེད་ཚོ་དོན་འདི་རང་ལ་བོས་པ་ཡིན། གང་ཡིན་ཟེར་ན། མཱ་ཤི་ཀའི་རྗེས་སུ་འབྲང་བའི་ཕྱིར། ཁྱེད་ཚོའི་དོན་ལ་སྡུག་བསྔལ་མྱོང་བའི་སྒོ་ནས་ཁོང་གིས་ཁྱེད་ཚོ་ལ་མིག་དཔེ་ཞིག་བཞག་པར་མཛད།
22 ཁོང་གིས་སྡིག་ཉེས་ཅི་ཡང་མ་མཛད་ཅིང༌། །
ཞལ་ནས་བསླུ་བྲིད་མགོ་སྐོར་གཏམ་མ་གསུངས། །
† 23 མཱ་ཤི་ཀར་དམའ་འབེབས་གཏོང་མཁན་རྣམས་ལ་ལན་སློག་པར་མ་མཛད། སྡུག་བསྔལ་མྱོང་སྐབས་ཁོང་གིས་འཇིགས་སྣང་མ་སྐུལ་བར་དྲང་བདེན་གྱིས་ཁྲིམས་གཅོད་གཏོང་མཁན་ལ་བཅོལ།
24 ངེད་རྣམས་སྡིག་ཉེས་ཀྱི་ཆ་ནས་ཤི་ཞིང༌། དྲང་བདེན་ཉིད་ཀྱི་དོན་ལ་འཚོ་བའི་ཕྱིར། ཁོང་ཉིད་ཀྱིས་རྒྱང་ཤིང་སྟེང་ང་ཚོའི་སྡིག་ཉེས་ཀྱི་ཆད་པ་རང་གི་སྐུ་ལུས་ཐོག་མྱངས། ཁོང་གི་རྨ་ཡིས་ཁྱེད་རྣམས་གསོས་པར་གྱུར་རོ།
‡ 25 སྔར་ཁྱེད་ཚོ་ལུག་ལྟར་ཁྱམས་ཀྱང༌། ད་ཁྱེད་ཚོའི་སེམས་སྲུང་མཁན་གྱི་རྫི་བོའི་དྲུང་དུ་ཕྱིར་ལོག་གོ །