ལེའུ་གསུམ་པ།
བཟའ་ཟླའི་སྐོར།
1-2 དེ་བཞིན་དུ་ཁྱེད་ཆུང་མ་རྣམས་ཀྱིས་ཁྱོ་གའི་དབང་ཆ་དང་ལེན་བྱེད་དགོས། དེ་ནི་ཁྱོ་གའི་ནང་ནས་ཁ་ཤས་ཀྱིས་དཀོན་མཆོག་གི་བཀའ་ལ་མ་ཉན་ཡང༌། ཁྱེད་ཚོའི་སྤྱོད་ལམ་ལྷད་མེད་ཅིང་བག་ཡོད་པ་མཐོང་ནས། ཤོད་མི་དགོས་པར་ཁྱེད་ཀྱི་སྤྱོད་ལམ་བཟང་པོས་འགུགས་པའི་ཆེད་དུ་ཡིན་ནོ། མཛེས་སྡུག་ལྡན་པའི་ཕྱིར་མགོའི་སྐྲ་ལྷས་པའམ། གསེར་གྱི་རྒྱན་ཆའམ། རིན་ཆེ་བའི་གོས་ལ་སོགས་ལ་མ་བརྟེན་པར། ཁྱེད་ཀྱི་རྒྱན་ཆ་ནི་ནང་སེམས་སུ་ནམ་ཡང་ཞི་འཇམ་ལྷིང་འཇགས་ཁོ་ན་དགོས་ཏེ། དེ་ནི་དཀོན་མཆོག་གི་སྤྱན་སྔར་རིན་ཆེན་ཡིན། གནའ་བོའི་དུས་སུ་དཀོན་མཆོག་ལ་རེ་བའི་བུད་མེད་དམ་པ་རྣམས་ཀྱིས་ཁྱོ་གའི་དབང་ཆ་དང་ལེན་བྱེད་པ་དེ་རྒྱན་དུ་བརྩི། དཔེར་ན། མེས་པོ་ས་རཱ་ཡིས་རང་གི་ཁྱོ་ག་ཨབ་ར་ཧམ་ལ་བདག་པོ་ཞེས་ཟེར་བས་ཁོང་གི་བཀའ་ལ་ཉན། ཅིས་ཀྱང་མི་འཇིགས་པར་བཟང་པོ་བྱས་ན་ཁྱེད་ཚོ་ནི་ཁོང་གི་བུ་མོ་ཡིན། དེ་བཞིན་དུ་ཁྱེད་ཁྱོ་ག་རྣམས། ཆུང་མ་ལ་བཀུར་སྟི་བྱེད་ཅིང༌། སེམས་བཟང་པོས་ཁོ་མོ་དང་མཉམ་དུ་འཚོ་བ་སྐྱེལ། དེ་ལྟར་བྱས་ན་སོ་སོའི་སྨོན་ལམ་ལ་བར་ཆད་མི་འབྱུང༌། ཁོང་ཚོ་ཁྱེད་ལས་སྟོབས་ཆུང་ཡང༌། ཁྱེད་དང་མཚུངས་པར་དཀོན་མཆོག་གིས་ཐུགས་རྗེས་གནང་བའི་དཔག་ཏུ་མེད་པའི་ཚེ་འཛིན་མཁན་ཡིན།
དྲང་བདེན་གྱི་ཕྱིར་སྡུག་བསྔལ་མྱོང་བ།
མཇུག་མཐར་ཁྱེད་ཐམས་ཅད་སེམས་མཐུན་པ་དང༌། སྙིང་རྗེ། ཕན་ཚུན་ལ་བྱམས་པ། བརྩེ་སེམས། སེམས་དུལ་པོ་དང་ལྡན་པར་བྱེད་དགོས། ངན་པར་ངན་ལན་མ་འཇལ་ཞིང༌། སྨད་ར་གཏོང་མཁན་ལ་སྨད་ར་མ་གཏོང་བར་བྱིན་གྱིས་རློབས་ཤིག གང་ཡིན་ཞེ་ན། ཁྱེད་ཚོ་དེའི་ཕྱིར་བོས། དེ་ནི་ཁྱེད་ཚོར་བྱིན་རླབས་འཐོབ་པའི་ཕྱིར་རོ། 10 དེས་ན་མདོ་ལས།
གལ་ཏེ་སུ་ཡང་སྲོག་ལ་གཅེས་པ་དང༌། །
བདེ་སྐྱིད་རྫོགས་ལྡན་དུས་ཤིག་མཐོང་འདོད་ན། །
ཚིག་རྩུབ་གཡོ་སྒྱུའི་ངན་གཏམ་མ་སྨྲ་ཞིག །
11 ངན་པ་སྤངས་ནས་སྤྱོད་བཟང་སྤེལ་བ་དང༌། །
ཞི་མཐུན་ལམ་བཟང་རྟག་ཏུ་འཚོལ་ཤིག་ཨང༌། །
12 གང་ལགས་ཤེ་ན་དཀོན་མཆོག་སྤྱན་ཉིད་ཀྱིས། །
དྲང་ལྡན་པ་རྣམས་གཟིགས་པར་འགྱུར་བ་དང༌། །
སྙན་ཅོག་གཏོད་ནས་ཁོ་ཚོའི་སྨོན་ལམ་གསན། །
འོན་ཏེ་ངན་སྤྱོད་མཁན་ལ་ཞལ་སློག་གོ །*3:12 ཚིགས་བཅད་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་34 ཨང་གྲངས་12-16 ནས་བཀོད་པ་ཡིན།
ཅེས་འཁོད།
13 བཟང་པོ་བྱེད་པའི་ཕྱིར་བརྩོན་སེམས་ཡོད་ན། ཁྱེད་ཚོར་གནོད་པ་བྱེད་མཁན་སུ་ཡོད། 14 བཟང་པོ་བྱས་པའི་རྐྱེན་གྱིས་སྡུག་བསྔལ་མྱོང་ནའང་ཁྱེད་རྣམས་ལ་བྱིན་རླབས་འཐོབ་པར་འགྱུར། ཁོ་ཚོར་མ་འཇིགས་ཤིང༌། སེམས་འཁྲུག་པར་མ་འགྱུར། 3:14 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་8 ཨང་12 ལ་གཟིགས། 15 སེམས་ནང་ན་མཱ་ཤི་ཀ་གཙོ་བོ་ཡིན་པ་ལ་བསྙེན་བཀུར་བྱེད། ཁྱེད་ལ་ཡོད་པའི་ཐར་པའི་རེ་བ་དེའི་རྒྱུ་མཚན་སྐོར་འདྲི་མཁན་ལ་སེམས་དུལ་བ་དང་གུས་པས་ལན་འདེབས་རྒྱུར་རྒྱུན་དུ་གྲ་སྒྲིག་བྱས་ཏེ་སྡོད། 16 མཱ་ཤི་ཀའི་སྤྱོད་ལམ་བཟང་པོར་སྨད་ར་གཏོང་མཁན་རྣམས་ནི་ངོ་ཚ་རུ་འགྱུར་བའི་ཕྱིར་ཁྱེད་ཚོས་གནོངས་མེད་པ་བྱེད་དགོས། 17 སྡུག་བསྔལ་མྱོང་བ་དཀོན་མཆོག་གི་ཐུགས་དགོངས་ཡིན་ན། ངན་པ་ལས་བཟང་པོ་བྱེད་པའི་ཕྱིར་སྡུག་བསྔལ་མྱོང་བ་ལེགས་སོ། 18 ངེད་རྣམས་དཀོན་མཆོག་གི་མདུན་དུ་འཁྲིད་པའི་ཕྱིར། མཱ་ཤི་ཀ་དྲང་བདེན་གྱིས་དྲང་བདེན་མིན་པའི་སྡིག་ཉེས་སེལ་བའི་དོན་དུ་ཐེངས་གཅིག་གྲོངས། སྐུ་ལུས་ཀྱི་ཆ་ནས་གྲོངས་ཀྱང༌། ཐུགས་ཉིད་ཀྱི་སྒོ་ནས་གསོན། 19 ཁོང་གིས་ཐུགས་ཉིད་བརྒྱུད་ནས་བཙོན་ལ་ཕེབས་ཏེ་དེར་ཡོད་པའི་སེམས་ཉིད་རྣམས་ལ་ཆོས་བསྟན་གནང༌། 20 ཁོ་ཚོ་ནི་སྔར་ནོ་ཨ་ཡིས་གྲུ་གཟིངས་བཟོ་བའི་དུས་དཀོན་མཆོག་གིས་ཐུགས་རྒྱུད་རིང་པོས་སྒུག་གནང་བའི་སྐབས་སུ་བཀའ་ལ་མ་ཉན་པ་རྣམས་ཡིན། གྲུ་གཟིངས་དེ་ལ་བསྡད་ནས་ཆུ་ལོག་ལས་མི་ཉུང་ངུ་ཞིག་སྟེ་མི་བརྒྱད་ལས་ཐར་མེད། 21 ཆུ་དེ་ནི་ཡེ་ཤུ་མཱ་ཤི་ཀ་སླར་གསོན་པའི་སྒོ་ནས་ད་ལྟ་ཁྱེད་ཚོ་ཐར་བར་བྱེད་པའི་ཁྲུས་གསོལ་མཚོན། ལུས་ཀྱི་མི་གཙང་བ་དག་པར་བྱེད་པ་མ་ཡིན་གྱིས། གནོངས་མེད་པར་འགྱུར་བའི་ཕྱིར་དཀོན་མཆོག་ལ་རེ་འབོད་བྱེད་པ་ཞིག་ཡིན། 22 ཡེ་ཤུ་མཱ་ཤི་ཀ་ནི་ཞིང་ཁམས་སུ་ཕེབས་ནས་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཏེ། དཀོན་མཆོག་གི་ཕོ་ཉ་དང༌། དབང་ལྡན། མཐུ་ལྡན་རྣམས་ཁོང་གི་དབང་འོག་ཏུ་ཡོད་དོ། །

*ལེའུ་གསུམ་པ།:12 3:12 ཚིགས་བཅད་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་34 ཨང་གྲངས་12-16 ནས་བཀོད་པ་ཡིན།

ལེའུ་གསུམ་པ།:14 3:14 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་8 ཨང་12 ལ་གཟིགས།