ལེའུ་གསུམ་པ།
ལས་བཟང་གང་ཡང་བྱེད་དགོས།
1 དཔོན་རིགས་དང་དབང་སྒྱུར་མཁན་གྱི་བཀའ་ལ་ཉན་དགོས་པ་དང༌། ལས་བཟང་གང་ཡང་བྱེད་པར་གྲ་སྒྲིག་དགོས་པ། 2 མི་སུ་ལ་ཡང་དམའ་འབེབས་མི་གཏོང་བ། ཞི་བདེ་དང་བྱམས་སེམས་ཅན་ཡིན་པ། ཐམས་ཅད་ལ་ཡ་རབས་བཅས་བྱེད་པ་མི་རྣམས་ལ་དྲན་པར་སྐུལ། 3 གང་ཡིན་ཞེ་ན། ང་ཚོའང་སྔོན་མ་གླེན་པ་དང༌། ཁ་ལ་མི་ཉན་པ། མགོ་འཁོར་བ། འདོད་ཆགས་ལ་གཡོག་བྱེད་པ། ཕྲག་དོག་བྱེད་མཁན་ཡིན། དུས་དེར་གཞན་གྱིས་ང་ཚོར་སྡང་བར་བྱེད་ལ་ང་ཚོས་གཞན་ལའང་སྡང་བར་བྱེད། 4 འོན་ཀྱང་ང་ཚོའི་སྐྱབས་མགོན་དཀོན་མཆོག་གི་ཐུགས་རྗེ་དང་བྱམས་པ་མངོན་པར་གྱུར་སྐབས། 5 ང་ཚོའི་དགེ་བའི་ལས་ལ་བརྟེན་ནས་མ་ཡིན་པར། ཁོང་རང་གི་ཐུགས་རྗེའི་ཐོག་ནས་གསར་དུ་སྐྱེ་བའི་ཁྲུད་པ་དང་དམ་པའི་ཐུགས་ཉིད་ཀྱིས་གསར་དུ་མཛད་པ་བརྒྱུད་ནས་ཁོང་གིས་ང་ཚོ་སྐྱབས་པར་མཛད། 6 ང་ཚོའི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཁོང་གིས་དམ་པའི་ཐུགས་ཉིད་ང་ཚོར་ལྷག་པར་གནང་བ་ཡིན་ཏེ། 7 ཁོང་གི་ཐུགས་རྗེ་ཡི་སྒོ་ནས་ང་ཚོ་ཡང་དག་པར་གྱུར་བ་དང༌། ང་ཚོ་དཔག་ཏུ་མེད་པའི་ཚེ་ཡི་རེ་བ་ཡོད་པའི་ཤུལ་འཛིན་མཁན་དུ་འགྱུར་བའི་ཕྱིར་རོ། །
8 དོན་འདི་རྣམས་བདེན་པ་ཡིན་པས་ངའི་རེ་བར་ཁྱེད་ཀྱིས་ཡིད་རྟོན་ནས་སྒྲོག་པར་བྱེད། དེ་ནས་དད་ལྡན་རྣམས་ཀྱིས་ལས་བཟང་པོར་འབད་རྩོལ་བྱེད། དོན་འདི་ཚོ་བཟང་པོ་དང་མི་རྣམས་ལ་ཕན་པའི་ཕྱིར་ཡིན། 9 བླུན་པོའི་རྩོད་པ་དང༌། སྐྱེས་རབས། མི་མཐུན་པ། ཆོས་ཁྲིམས་ཀྱི་རྩོད་གླེང་ནི་ཕན་མེད་དང་དོན་མེད་ཡིན་པས་འཛེམས་ཤིག 10 ནང་འཁྲུག་ལ་དགའ་བའི་མིར་ཁ་ཏ་ཐེངས་དང་པོ་དང་གཉིས་པ་བྱས་པའི་རྗེས་སུ་སྤོངས་ཤིག 11 དེ་ལྟ་བུའི་མི་ནི་ལོག་པ་དང་སྡིག་ཉེས་ཅན་ཡིན་པར་ཤེས་ཏེ་རང་གིས་རང་ལ་ཁྲིམས་གཅོད་བྱས་ཚར་བ་ཡིན།
མཐའ་མཇུག་གི་འཚམས་འདྲི།
12 ངས་ཨར་ཏེ་མཱ་ཡང་ན་ཏི་ཀི་ཀུ་ཁྱེད་རྩར་གཏོང་སྐབས་ཁྱེད་ཀྱིས་ནཱི་ཀོ་པོ་ལི་སི་གྲོང་ཁྱེར་དུ་ངའི་རྩར་ཡོང་བའི་འབད་རྩོལ་བྱོས་ཤིག ང་དགུན་དུས་དེར་གནས་པར་ཐག་གཅོད་བྱས་པས་སོ། 13 ཁྲིམས་རྩོད་མཁན་སི་ནཱ་སི་དང་ཨ་པོ་ལོ་སི་གཉིས་ལ་ལམ་བར་དུ་རོགས་པ་བྱས་ཏེ་ཁོ་ཚོར་གང་དགོས་ན་ཡང་གཏོང་ཞིག 14 དད་ལྡན་རྣམས་ལ་འབྲས་བུ་དང་ལྡན་པའི་ཆེད་དང༌། དགོས་པ་གལ་ཆེ་བར་རོགས་རམ་བྱེད་པའི་ཕྱིར་ང་ཚོའི་མི་རྣམས་ཀྱིས་རྒྱུན་དུ་ལས་བཟང་བྱེད་དགོས།
15 ང་དང་མཉམ་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ཁྱེད་ལ་འཚམས་འདྲི་ཞུ། སུས་དད་པའི་ཐོག་ནས་ང་ཚོ་ལ་བརྩེ་བར་འཛིན་པ་ལ་འཚམས་འདྲི་ཞུས། ཐུགས་རྗེ་ཁྱེད་ཐམས་ཅད་དང་ལྡན་པར་གྱུར་ཅིག །