ལེའུ་བཅོ་ལྔ་པ།
ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱ།
དེ་ཡང་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་གྱིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉེར་བདུན་པར། ཡ་ཧུ་དཱའི་རྒྱལ་པོ་ཨ་མཱ་ཙི་ཡ་ཡི་སྲས་ཨ་ཟར་ཡཱས་རྒྱལ་སྲིད་བཟུང་། ཁོང་རྒྱལ་སར་བསྐོ་དུས་ལོ་བཅུ་དྲུག་ཡིན་པ་དང་། ཁོང་གིས་ཡེ་རུ་སཱ་ལེམ་དུ་ལོ་ལྔ་བཅུ་ང་གཉིས་རིང་རྒྱལ་སྲིད་བསྐྱངས། ཁོང་གི་ཡུམ་གྱི་མིང་ལ་ཡེ་ཀོལ་ཡཱ་ཟེར་ཞིང་། མོ་ནི་ཡེ་རུ་སཱ་ལེམ་གྱི་མི་ཡིན་ནོ། ། ཁོང་གིས་རང་གི་ཡབ་ཨ་མཱ་ཙི་ཡའི་བྱ་སྤྱོད་བཞིན་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད་ཀྱང་། མཐོ་གླིང་རྣམས་མ་བཤིག་པས། མི་རྣམས་ཀྱིས་སྔར་བཞིན་མཐོ་གླིང་གི་སྟེང་དུ་མཆོད་པ་ཕུལ་ནས་བསང་བཏང་བ་རེད། དེ་ནས་དཀོན་མཆོག་ཡ་ཝཱེས་རྒྱལ་པོ་ལ་བརྡེགས་པས་ཁོང་ནི་འཆི་བའི་བར་དུ་མཛེ་ནད་བྱུང་ནས་ལུས་ཏེ། ཟུར་དུ་ཁང་པ་ཞིག་གི་ནང་བསྡད་པ་དང་། རྒྱལ་པོའི་སྲས་ཡོ་ཐམ་ནི་ཕོ་བྲང་གི་བདག་པོ་ཡིན་པས་ཡུལ་དེའི་འབངས་རྣམས་ལ་བདག་སྐྱོང་བྱས་སོ། །
ཡང་ཨ་ཟར་ཡཱའི་དོན་གཞན་རྣམས་དང་། ཁོང་གིས་ཅི་བྱས་པ་ཐམས་ཅད་ནི་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་ལོ་རབས་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། ཨ་ཟར་ཡཱ་རང་གི་ཕ་མེས་དང་ལྷན་ཅིག་ཏུ་གཟིམས་པ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་ཁོའི་ཕ་མེས་རྣམས་ཀྱི་ཁྲོད་དུ་དུར་ལ་སྦས། ཁོའི་སྲས་ཡོ་ཐམ་ནི་དེའི་རྒྱུན་མཐུད་ནས་རྒྱལ་པོར་གྱུར་ཏོ། །
ཡེས་ར་ཨེལ་གྱི་རྒྱལ་པོ་ཟཱ་ཀར་ཡ།
ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་སྲིད་བསྐྱངས་པའི་ལོ་སོ་བརྒྱད་པར། ཡེ་རོབ་ཨམ་གྱི་སྲས་ཟཱ་ཀར་ཡས་སཱ་མར་ཡ་རུ་ཡེས་ར་ཨེལ་ལ་ཟླ་བ་དྲུག་གི་རིང་དུ་རྒྱལ་སྲིད་བསྐྱངས། ཁོས་རང་གི་ཕ་མེས་བཞིན་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ། ཡེས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་ལས་མ་བྱོལ་ཏོ། ། 10 དེ་ནས་ཡཱ་བེ་སིའི་བུ་ཤལ་ལུམ་གྱིས་ཁོ་ལ་གཡོ་ཐབས་ཀྱིས་ངོ་ལོག་བྱས་ཏེ། འབངས་ཀྱི་མདུན་དུ་ཁོར་བསྣུན་ཅིང་བསད་དེ་ཁོའི་རྒྱུན་མཐུད་ནས་རྒྱལ་སྲིད་བཟུང་། 11 དེ་ཡང་ཟཱ་ཀར་ཡའི་དོན་གཞན་རྣམས་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལོ་རབས་ནང་དུ་བཀོད་ཡོད་དེ། 12 སྔར་དཀོན་མཆོག་ཡ་ཝཱེས་ཡེ་ཧུ་ལ་གསུངས་པའི་བཀའ་བཞིན་དུ། མི་རབས་བཞིའི་རིང་དུ་ཁྱོད་ཀྱི་བུ་རྒྱུད་རྣམས་ཡེས་ར་ཨེལ་གྱི་རྒྱལ་ཁྲིར་འགོད་པར་འགྱུར་ཞེས་གསུངས་པ་ལྟར་འགྲུབ་པར་གྱུར་ཏོ། །
ཡེས་ར་ཨེལ་གྱི་རྒྱལ་པོ་ཤལ་ལུམ།
13 དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱས་རྒྱལ་སྲིད་བཟུང་ནས་ལོ་སོ་དགུ་པ་ལ། ཡཱ་བེ་སིའི་བུ་ཤལ་ལུམ་གྱིས་རྒྱལ་སྲིད་བཟུང་། ཁོས་ནི་སཱ་མར་ཡ་རུ་ཟླ་བ་གཅིག་གི་རིང་དུ་རྒྱལ་སྲིད་བསྐྱངས། 14 དེ་ནས་གཱ་དི་ཡི་བུ་མེ་ན་ཧེམ་བྱ་བ་ཐིར་ཙ་ནས་ཡར་ཐོན་ཏེ་སཱ་མར་ཡ་རུ་ཕྱིན་པ་དང་། དེར་ཡཱ་བེ་སིའི་བུ་ཤལ་ལུམ་ལ་བསྣུན་ཅིང་བསད་དེ་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ། 15 ཤལ་ལུམ་གྱི་དོན་གཞན་རྣམས་དང་། ཁོས་བཤམས་པའི་ལྐོག་ཇུས་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལོ་རབས་ནང་དུ་བཀོད་ཡོད་དོ། །
16 དེའི་ཚེ་ན། དེ་དག་གིས་མེ་ན་ཧེམ་ལ་མཁར་སྒོ་མ་ཕྱེས་པས་ཁོས་ཏིབ་སཱ་དང་ཡུལ་དེར་ཡོད་པ་ཐམས་ཅད་དང་། ཐིར་ཙའི་ས་མཚམས་ཀྱི་བར་དུ་གཏོར་བཅོམ་བྱས་ཤིང་། དེའི་མི་རྣམས་ལ་བསྣུན་ཅིང་ཡུལ་དེའི་བུད་མེད་སྦྲུམ་མ་ཐམས་ཅད་ཀྱི་གྲོད་པ་གཤགས་སོ། །
ཡེས་ར་ཨེལ་གྱི་རྒྱལ་པོ་མེ་ན་ཧེམ།
17 དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་རྒྱལ་སྲིད་བསྐྱངས་པའི་ལོ་སོ་དགུ་པར། གཱ་དི་ཡི་བུ་མེ་ན་ཧེམ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས་སཱ་མར་ཡ་རུ་ལོ་བཅུའི་རིང་དུ་རྒྱལ་སྲིད་བསྐྱངས། 18 ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ཅིང་། ཚེ་གང་པོར་ཡེས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་ལས་མ་བྲལ་ཏོ། ། 19 ཨ་སུར་གྱི་རྒྱལ་པོ་ཕོལ་བྱ་བ་ཡུལ་དེར་རྒོལ་བར་འོངས་པ་དང་། མེ་ན་ཧེམ་གྱིས་རང་གི་རྒྱལ་སྲིད་བརྟན་པོ་ཡོང་བར་རོགས་རམ་འཐོབ་ཕྱིར་ཕྱག་རྟེན་ལ་དངུལ་གྱི་རྡོ་ཚད་སྟོང་ཕྲག་གཅིག་ཕུལ་བ་དང་། 20 མེ་ན་ཧེམ་གྱིས་དེ་ཨ་སུར་གྱི་རྒྱལ་པོ་ལ་འབུལ་བའི་ཕྱིར། ཡེས་ར་ཨེལ་དུ་ཡོད་པའི་ཕྱུག་པོ་ཐམས་ཅད་ལས་དངུལ་སྲང་ལྔ་བཅུ་རེ་བཙན་གྱིས་བསྡུས་པས། ཨ་སུར་གྱི་རྒྱལ་པོ་ནི་ཡུལ་དེར་མ་བསྡད་པར་ཕྱིར་ལོག 21 ཡང་མེ་ན་ཧེམ་གྱི་དོན་གཞན་རྣམས་དང་། ཁོས་ཅི་བྱས་པ་ཐམས་ཅད་ཡེས་ར་ཨེལ་གྱི་རྒྱལ་པོའི་ལོ་རབས་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 22 དེ་ནས་མེ་ན་ཧེམ་རང་གི་ཕ་མེས་དང་ལྷན་ཅིག་ཏུ་གཟིམས་པ་དང་། ཁོའི་སྲས་ཕེ་ཀཱ་ཡ་ཡིས་དེའི་རྒྱུན་མཐུད་ནས་རྒྱལ་སྲིད་བཟུང་ངོ་། །
ཡེས་ར་ཨེལ་གྱི་རྒྱལ་པོ་ཕེ་ཀཱ་ཡ།
23 ཡང་ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་རྒྱལ་སྲིད་བསྐྱངས་པའི་ལོ་ལྔ་བཅུ་པར། མེ་ན་ཧེམ་གྱི་སྲས་ཕེ་ཀཱ་ཡ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས་ཁོས་སཱ་མར་ཡ་རུ་ལོ་གཉིས་ཀྱི་རིང་དུ་རྒྱལ་སྲིད་བསྐྱངས། 24 ཁོས་ཀྱང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ། ཡེས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་ལས་མ་བྲལ་ཏོ། ། 25 ཡང་ཁོའི་དམག་དཔོན་རེ་མལ་ཡཱ་ཡི་བུ་ཕེ་ཀཱ་ཡིས་ཁོ་ལ་གཡོ་ཐབས་ཀྱིས་ངོ་ལོག་བྱས་ཏེ། ཨར་གོབ་དང་ཨར་ཡེ། དེ་མིན་གིལ་ཨད་པ་མི་ལྔ་བཅུ་དང་བཅས་པ་སོང་ནས་སཱ་མར་ཡ་རུ་རྒྱལ་པོའི་ཕོ་བྲང་གི་མཁར་རྫོང་དུ་ཁོ་བསད་པ་དང་། ཕེ་ཀཱ་ཡིས་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་། 26 ཡང་ཕེ་ཀཱ་ཡ་ཡི་དོན་གཞན་རྣམས་དང་ཁོས་ཅི་བྱས་པ་ཐམས་ཅད། ཡེས་ར་ཨེལ་གྱི་རྒྱལ་པོའི་ལོ་རབས་ནང་དུ་བཀོད་ཡོད་དོ། །
ཡེས་ར་ཨེལ་གྱི་རྒྱལ་པོ་ཕེ་ཀཱ།
27 ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་རྒྱལ་སྲིད་བསྐྱངས་པའི་ལོ་ལྔ་བཅུ་ང་གཉིས་པར། རེ་མལ་ཡཱའི་བུ་ཕེ་ཀཱ་ནི་སཱ་མར་ཡ་རུ་ཡེས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས་ཁོས་ལོ་ཉི་ཤུའི་རིང་དུ་རྒྱལ་སྲིད་བསྐྱངས། 28 ཁོས་ཀྱང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ། ཡེས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་ལས་བྲལ་བར་མ་གྱུར་ཏོ། །
29 དེ་ཡང་ཡེས་ར་ཨེལ་གྱི་རྒྱལ་པོ་ཕེ་ཀཱའི་དུས་སུ། ཨ་སུར་གྱི་རྒྱལ་པོ་ཐིག་ལད་ཕིལ་ཨེ་སེར་བྱ་བ་དེ་འོངས་ནས་ཨི་ཡོན་དང་། ཨ་བེལ་པེད་མ་ཨ་ཀཱ་དང་། ཡཱ་ནོ་ཨ་དང་། ཀེ་དེ་སི་དང་། ཧ་ཟོར་དང་། གིལ་ཨད་དང་། ག་ལིལ་དང་། ནཱབ་ཐ་ལིའི་ཡུལ་ཐམས་ཅད་བཟུང་སྟེ། མི་རྣམས་ཨ་སུར་ཡུལ་དུ་བཙན་ཁྲིད་བྱས། 30 དེ་ནས་ཨེ་ལཱའི་བུ་ཧོ་ཤེ་ཨས་རེ་མལ་ཡཱའི་བུ་ཕེ་ཀཱ་ལ་ལྐོག་ཇུས་བཤམས་ཤིང་། ཁོ་ལ་བསྣུན་ཏེ་བསད་པ་དང་། ཁོས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་། དེ་ནི་ཨུ་ཟི་ཡཱའི་སྲས་ཡོ་ཐམ་གྱིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པར་བྱུང་བ་ཡིན་ནོ། ། 31 ཡང་ཕེ་ཀཱ་ཡི་དོན་གཞན་རྣམས་དང་། ཁོས་ཅི་བྱས་པ་ཐམས་ཅད་ནི་ཡེས་ར་ཨེལ་གྱི་རྒྱལ་པོའི་ལོ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་དོ། །
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ།
32 དེ་ཡང་ཡེས་ར་ཨེལ་གྱི་རྒྱལ་པོ་རེ་མལ་ཡཱའི་སྲས་ཕེ་ཀཱ་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་གཉིས་པར། ཨུ་ཟི་ཡཱའི་སྲས་ཡོ་ཐམ་བྱ་བ་ཡ་ཧུ་དཱའི་རྒྱལ་པོར་གྱུར་ཏོ། ། 33 རྒྱལ་སྲིད་བཟུང་དུས་ཁོ་ནི་ལོ་ཉེར་ལྔ་ཡིན་པ་དང་། ལོ་བཅུ་དྲུག་གི་རིང་ལ་ཡེ་རུ་སཱ་ལེམ་དུ་རྒྱལ་སྲིད་བསྐྱངས་པ་དང་། ཟཱ་ཏོག་གི་སྲས་མོ་ཡེ་རུ་ཤཱ་བྱ་བ་ནི་ཁོའི་ཡུམ་ཡིན་ནོ། ། 34 ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་རྣམས་སྤྱད་དེ། རང་གི་ཡབ་ཨུ་ཟི་ཡཱས་བསྒྲུབས་པ་བཞིན་དུ་བྱས་ཀྱང་། 35 མཐོ་གླིང་རྣམས་མ་བཤིགས་པས། མི་རྣམས་ཀྱིས་སྔར་བཞིན་མཐོ་གླིང་གི་སྟེང་དུ་མཆོད་པ་ཕུལ་ནས་བསང་བཏང་བ་དང་། ཁོས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ལ་སྟེང་སྒོ་ཞིག་བརྩིགས་སོ། ། 36 ཡོ་ཐམ་གྱི་དོན་གཞན་རྣམས་དང་། ཁོས་ཅི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོའི་ལོ་རབས་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 37 དེའི་དུས་སུ་དཀོན་མཆོག་ཡ་ཝཱེས་ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་། རེ་མལ་ཡཱའི་བུ་ཕེ་ཀཱ་གཉིས་ཡ་ཧུ་དཱ་ལ་གཡུལ་འགྱེད་པར་མངགས་འགོ་བརྩམས་ཤིང་། 38 ཡོ་ཐམ་རང་གི་ཕ་མེས་ཀྱི་ཁྲོད་དུ་གཟིམས་པ་དང་། ཁོའི་མེས་པོ་དཱ་བིད་ཀྱི་གྲོང་ཁྱེར་དུ་རང་གི་ཕ་མེས་རྣམས་དང་མཉམ་དུ་དུར་ལ་སྦས། ཁོའི་སྲས་ཨ་ཧ་ཟཱ་ནི་དེའི་རྒྱུན་མཐུད་ནས་རྒྱལ་པོར་གྱུར་ཏོ། །