ལེའུ་བཅུ་དྲུག་པ།
ཡ་ཧུ་དཱའི་རྒྱལ་པོ་ཨ་ཧཱ་ཟ།
1 དེ་ཡང་རེ་མལ་ཡཱའི་སྲས་ཕེ་ཀཱ་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་བཅུ་བདུན་པར། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ་གྱི་སྲས་ཨ་ཧ་ཟཱ་རྒྱལ་པོར་གྱུར། 2 ཁོས་རྒྱལ་སྲིད་བཟུང་དུས་ལོ་ཉི་ཤུ་ཡིན་ཏེ་ཡེ་རུ་སཱ་ལེམ་དུ་ལོ་བཅུ་དྲུག་གི་རིང་ལ་རྒྱལ་སྲིད་བསྐྱངས་ནའང་། ཁོས་ཡབ་མེས་དཱ་བིད་ལྟར་རང་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་མ་སྤྱད་པར། 3 ཁོ་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལམ་ནང་འགྲུལ་ཞིང་། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་ཕྱི་རུ་ཕྱུང་བ་དང་མི་རྣམས་ཀྱིས་བརྙས་བཅོས་བྱས་པ་བཞིན་དུ། ཁོས་ཐ་ན་རང་གི་བུ་ཡང་མེ་དཀྱིལ་དུ་སྦྱིན་སྲེག་བྱས་པར་མ་ཟད། 4 མཐོ་གླིང་དང་རིའི་སྟེང་དང་། ལྗོན་ཤིང་རེ་རེའི་འོག་ཏུ་མཆོད་པ་ཕུལ་ཏེ་བསང་བཏང་བ་རེད།
5 སྐབས་དེར་ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་། ཡེས་ར་ཨེལ་གྱི་རྒྱལ་པོ་རེ་མལ་ཡཱ་ཡི་བུ་ཕེ་ཀཱ་གཉིས་ཡེ་རུ་སཱ་ལེམ་དུ་དམག་འཁྲུག་རྒྱག་ཏུ་ཡར་འོངས་པ་དང་། ཨ་ཧ་ཟཱ་དམག་གིས་བསྐོར་ནའང་དེ་དབང་དུ་བསྡུ་མ་ནུས་སོ། ། 6 དེའི་ཚེ་ན། ཨ་རམ་གྱི་རྒྱལ་པོ་རེ་ཙིན་གྱིས་ཨེ་ལིད་ཕྱིར་བླངས་ནས་ཨ་རམ་དུ་བསྲེས་པ་དང་། ཨེ་ལད་ནས་ཡ་ཧུ་དཱ་པ་རྣམས་བཏོན་ཏེ། ཨེ་དོམ་པ་རྣམས་ཨེ་ལད་དུ་འོངས་ནས་ད་ལྟའི་བར་དུ་དེར་གནས་སོ། །
7 དེ་ནས་ཨ་ཧ་ཟཱ་ཡིས་ཨ་སུར་གྱི་རྒྱལ་པོ་ཐིག་ལད་ཕིལ་ཨེ་སེར་ལ་བང་ཆེན་མངགས་ཏེ་ཁོ་ལ། བདག་ནི་ཁྱེད་ཀྱི་ཞབས་ཕྱི་དང་བུ་ཡིན་ཞིང་། ཁྱེད་རང་ཡར་བྱོན་ཏེ་བདག་ལ་བཙན་རྒོལ་བྱེད་བཞིན་པའི་ཨ་རམ་གྱི་རྒྱལ་པོ་དང་། ཡེས་ར་ཨེལ་གྱི་རྒྱལ་པོའི་ལག་ནས་བདག་སྐྱོབ་པར་མཛོད་ཅིག་ཅེས་ཞུས་ཤིང་། 8 ཡང་ཨ་ཧ་ཟཱ་ཡིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་གཏེར་མཛོད་དུ་ཡོད་པའི་གསེར་དངུལ་བཅས་བླངས་ཏེ་ཨ་སུར་གྱི་རྒྱལ་པོ་ལ་ཞུ་རྟེན་དུ་ཕུལ། 9 ཨ་སུར་གྱི་རྒྱལ་པོས་ཁོ་ལ་ཁས་བླངས་ཤིང་། ཨ་སུར་གྱི་རྒྱལ་པོ་དཱ་མེ་སེག་ལ་ཡར་སོང་ནས་ཡུལ་དེ་བཟུང་བ་དང་མི་རྣམས་ཀིར་བྱ་བའི་ཡུལ་དུ་བཙན་ཁྲིད་བྱས་ཤིང་རེ་ཙིན་ཡང་བསད་དོ། །
10 དེ་ནས་རྒྱལ་པོ་ཨ་ཧ་ཟཱ་ནི་དཱ་མེ་སེག་ལ་ཨ་སུར་གྱི་རྒྱལ་པོ་ཐིག་ལད་ཕིལ་ཨེ་སེར་དང་འཕྲད་དུ་སོང་སྟེ། དཱ་མེ་སེག་ཏུ་ཡོད་པའི་མཆོད་ཁྲི་དེ་མཐོང་བས། རྒྱལ་པོ་ཨ་ཧ་ཟཱ་ཡིས་མཆོད་ཁྲི་དེའི་དཔེ་རིས་དང་། སྒྲིག་གཞི། རྩིག་སྟངས་བཅས་གསལ་པོ་མཆོད་དཔོན་ཨུ་རི་ཡཱ་ལ་བརྫངས། 11 དེ་ནས་མཆོད་དཔོན་ཨུ་རི་ཡཱས། རྒྱལ་པོ་ཨ་ཧ་ཟཱ་ཡིས་དཱ་མེ་སེག་ནས་བརྫངས་པ་ཀུན་གྱི་མ་དཔེ་ཇི་བཞིན་མཆོད་ཁྲི་ཞིག་བརྩིགས་ཤིང་། རྒྱལ་པོ་ཨ་ཧ་ཟཱ་ནི་དཱ་མེ་སེག་ནས་ཕྱིར་ལོག་པའི་བར་དུ་འགྲུབ་པར་བཅུག་གོ ། 12 དེ་ནས་རྒྱལ་པོ་དཱ་མེ་སེག་ནས་ཕྱིར་སླེབས་ཏེ་མཆོད་ཁྲི་མཐོང་ཞིང་། རྒྱལ་པོ་མཆོད་ཁྲི་དེའི་འགྲམ་དུ་སོང་ནས་དེའི་ཐོག་ཏུ་ཡར་འགོས་པ་དང་། 13 རང་གི་དོན་དུ་སྦྱིན་སྲེག་དང་འབྲུ་རིགས་ཀྱི་མཆོད་པ་ཕུལ་ཞིང་རང་གི་སྐྱེམས་མཆོད་བཏང་། ཞི་བདེའི་མཆོད་པ་རྣམས་ཀྱི་ཁྲག་ནི་མཆོད་ཁྲིའི་ཁར་གཏོར། 14 ཁོས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཡོད་པའི་ལི་ཡི་མཆོད་ཁྲི་དེ་མཆོད་ཁང་གི་མདུན་ལོགས་སམ། མཆོད་ཁྲི་ཆེན་པོ་དང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་བར་ནས་གནས་སྤར་ཏེ། མཆོད་ཁྲི་གསར་པ་དེའི་བྱང་ཕྱོགས་སུ་གཏད་དོ། ། 15 དེ་ནས་རྒྱལ་པོ་ཨ་ཧ་ཟཱ་ཡིས་མཆོད་དཔོན་ཨུ་རི་ཡཱ་ལ་བཀའ་བསྩལ་ཏེ་ན་རེ། མཆོད་ཁྲི་ཆེན་པོ་འདིའི་སྟེང་དུ་ཞོགས་པའི་སྦྱིན་སྲེག་གི་མཆོད་པ་དང་ས་སྲོས་ཀྱི་འབྲུ་རིགས་ཀྱི་མཆོད་པ། རྒྱལ་པོའི་སྦྱིན་སྲེག་གི་མཆོད་པ་དང་ཁོའི་འབྲུ་རིགས་ཀྱི་མཆོད་པ། ཡུལ་མི་ཐམས་ཅད་ཀྱི་སྦྱིན་སྲེག་གི་མཆོད་པ་དང་དེ་རྣམས་ཀྱི་འབྲུ་རིགས་ཀྱི་མཆོད་པ་རྣམས་བསྲེག་དགོས་པ་དང་། ཡང་སྐྱེམས་མཆོད་རྣམས་དང་སྦྱིན་སྲེག་གི་མཆོད་པའི་ཁྲག་དང་། གཞན་དམར་མཆོད་ཀྱི་ཁྲག་ཐམས་ཅད་ནི་དེའི་ཁར་གཏོར་ཅིག འོན་ཀྱང་ལི་ཡི་མཆོད་ཁྲི་ལ་ངས་དཀོན་མཆོག་ནས་འཚོལ་ཞིབ་བྱའོ་ཞེས་སྨྲས་པས། 16 མཆོད་དཔོན་ཨུ་རི་ཡཱས་རྒྱལ་པོ་ཨ་ཧ་ཟཱ་ཡིས་བསྩལ་པའི་བཀའ་བཞིན་དུ་བསྒྲུབས་སོ། །
17 དེ་ཡང་རྒྱལ་པོ་ཨ་ཧ་ཟཱ་ཡིས་འཁོར་ལྡན་སྟེགས་བུ་རྣམས་ཀྱི་ཟུར་རྒྱན་བཅད་དེ། དེའི་ཐོག་ཏུ་ཡོད་པའི་འཁྲུད་གཞོང་རྣམས་ཕྱིར་བཏོན་པ་དང་། རྒྱ་མཚོ་བྱ་བ་ནི་དེའི་འོག་ཏུ་ཡོད་པའི་ལི་ཡི་གླང་རྣམས་ཀྱི་ཁ་ནས་ཕབ་སྟེ་རྡོ་ལེབ་ཀྱི་ཁར་བཞག་གོ ། 18 ཡང་ཨ་སུར་གྱི་རྒྱལ་པོའི་རྐྱེན་གྱིས་ངལ་གསོ་བའི་ཉིན་མོའི་ཕྱིར་མཆོད་ཁང་ནང་དུ་བརྩིགས་པའི་གནམ་ཁེབས་ཀྱི་བཀོད་པ་དང་། རྒྱལ་པོ་ཕྱི་ནས་ཐོན་སའི་བགྲོད་ལམ་གཉིས་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནས་གནས་སྤར་ཏོ། །
19 དེ་ཡང་ཨ་ཧ་ཟཱ་ཡི་དོན་གཞན་རྣམས་དང་། ཁོས་ཅི་བྱས་པ་ཐམས་ཅད་ནི་ཡ་ཧུ་དཱའི་རྒྱལ་པོའི་ལོ་རབས་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 20 ཨ་ཧ་ཟཱ་ནི་རང་གི་ཕ་མེས་དང་ལྷན་ཅིག་ཏུ་གཟིམས་པ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་ཕ་མེས་རྣམས་དང་ལྷན་དུ་དུར་ལ་སྦས། ཁོའི་སྲས་ཧི་ཟི་ཀི་ཡཱ་ནི་དེའི་རྒྱུན་མཐུད་ནས་རྒྱལ་པོར་གྱུར་ཏོ། །