ལེའུ་བཅུ་དགུ་པ།
ཡོ་ཨབ་ཀྱིས་རྒྱལ་པོའི་སྐྱོན་བརྗོད་པ།
1 དེ་ནས་མི་ཞིག་གིས་ཡོ་ཨབ་ལ། གཟིགས་དང་། རྒྱལ་པོས་ཨབ་ཤཱ་ལོམ་གྱི་དོན་དུ་ངུ་ཞིང་མྱ་ངན་བྱེད་དོ་ཞེས་སྨྲས། 2 རྒྱལ་པོ་ཉིད་ཀྱི་སྲས་ཀྱི་ཕྱིར་ཐུགས་སྐྱོ་བ་དམག་དཔུང་ཡོངས་ཀྱིས་ཐོས་པས། རྒྱལ་ཁ་ཐོབ་པའི་ཉིན་དེ་ནི་ཁོ་ཚོར་མཚོན་ན་སྡུག་བསྔལ་དུ་གྱུར་ཏོ། ། 3 ཉིན་མོ་དེར་དམག་རྣམས་ནི་གཡུལ་ལས་བྲོས་ཤིང་ངོ་གནོང་བའི་དམག་མི་བཞིན་དུ། ལྐོག་ནས་གྲོང་ཁྱེར་དུ་ཞུགས་པ་རེད། 4 རྒྱལ་པོས་ཞལ་ངོ་བཏུམས་ཏེ་སྐད་ཆེན་པོས་ངུས་ཤིང་། ཀྱེ་ངའི་བུ་ཨབ་ཤཱ་ལོམ། ཀྱེ་ཨབ་ཤཱ་ལོམ། ངའི་བུ། ངའི་བུ་ཞེས་བོས་པ་དང་། 5 ཡོ་ཨབ་རྒྱལ་པོའི་དྲུང་དུ་ཕོ་བྲང་ནང་སོང་སྟེ་འདི་ལྟར། དེ་རིང་ཁྱེད་ཀྱིས་ཉིད་ཀྱི་འཁོར་གཡོག་ཐམས་ཅད་ངོ་ཚར་གཏད་པ་ཡིན། དེ་དག་གིས་ཁྱེད་ཀྱི་སྲོག་དང་། ཁྱེད་ཀྱི་སྲས་དང་སྲས་མོའི་སྲོག་དང་། ཁྱེད་ཀྱི་ཆེན་ཆུན་རྣམས་ཀྱི་སྲོག་བསྐྱབས་ཀྱང་། 6 ཁྱེད་ཀྱིས་ཉིད་ལ་འཁོན་པ་རྣམས་ལ་བྱམས་པ་དང་། ཁྱེད་ལ་བརྩེ་བ་རྣམས་ལ་སྡང་བར་མཛད་དོ། །དེ་རིང་ཁྱེད་ཀྱིས་དམག་དཔོན་དང་འཁོར་གཡོག་གཉིས་ཀ་ཐུགས་སུ་མེད་པ་དེ་བསྟན་པ་ཡིན། གལ་ཏེ་ཨབ་ཤཱ་ལོམ་གསོན་ཞིང་། བདག་ཅག་ཐམས་ཅད་ཤི་བ་ཡིན་ན་ཁྱེད་ཐུགས་དགྱེས་པ་དེ་རིང་བདག་གིས་རྟོགས་སོང་། 7 ད་ལྟ་ཁྱེད་རང་ཡར་བཞེངས་ནས་ཕྱི་རུ་ཕེབས་ཏེ་ཁྱེད་ཀྱི་འཁོར་གཡོག་རྣམས་ལ་སེམས་གསོ་གནོངས་ཤིག ངས་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་ཏེ། གལ་ཏེ་ཁྱེད་རང་ཕྱི་རུ་མི་འགྲོ་ན། དོ་དགོང་ཁྱེད་དང་མཉམ་དུ་མི་གཅིག་ཀྱང་འདུག་མི་སྲིད་དེ། གེགས་བར་ཆད་འདི་ནི་ཁྱེད་རང་སྐུ་ན་ཕྲ་མོ་ནས་ད་བར་དུ་ཕྲད་པའི་སྡུག་བསྔལ་ཐམས་ཅད་ལས་ལྷག་པར་ཚབས་ཆེའོ་ཞེས་ཞུས་པས། 8 རྒྱལ་པོ་ཡར་བཞེངས་ནས་མཁར་སྒོར་བཞུགས་པ་ལ། མི་ཐམས་ཅད་ཀྱིས་རྒྱལ་པོ་མཁར་སྒོར་བཞུགས་པ་ཐོས་པས་ཐམས་ཅད་རྒྱལ་པོའི་དྲུང་དུ་འོངས་སོ། །སྐབས་དེར་ཡེས་ར་ཨེལ་པ་རྣམས་བྲོས་ནས་རང་རང་གི་གུར་དུ་ཕྱིན་ཏོ། །
དཱ་བིད་ཡེ་རུ་སཱ་ལེམ་དུ་ལོག་པ།
9 ཡང་ཡེས་ར་ཨེལ་གྱི་ཚོ་པ་ཐམས་ཅད་ཀྱི་མི་རྣམས་ཀྱི་ཁྲོད་དུ་རྩོད་གླེང་བྱུང་སྟེ་ན་རེ། རྒྱལ་པོས་བདག་ཅག་ནི་དགྲ་བོ་རྣམས་ཀྱི་ལག་ནས་ཐར་བར་མཛད་པ་དང་། ཕེ་ལེ་ཤེད་པའི་ལག་ནས་ཀྱང་ཐར་བར་མཛད་ཀྱང་། ད་ལྟ་ཨབ་ཤཱ་ལོམ་གྱི་ཕྱིར་རང་རེའི་ཡུལ་འདི་ནས་འབྲོ་དགོས་བྱུང་བ་ཡིན། 10 འོ་སྐོལ་ཚོས་རྒྱལ་པོར་བྱུགས་པའི་ཨབ་ཤཱ་ལོམ་ནི་གཡུལ་ངོར་ཤིའོ། །ད་ལྟ་ཁྱོད་ཚོས་རྒྱལ་པོ་སླར་སྤྱན་འདྲེན་པའི་སྐོར་ཚིག་གཅིག་ཀྱང་མི་ལབ་པ་ཅི་ཞེས་གཏམ་བྱས་སོ། ། 11 དེར་རྒྱལ་པོ་དཱ་བིད་ཀྱིས་མཆོད་དཔོན་ཟཱ་ཏོག་དང་ཨབ་ཡཱ་ཐར་གཉིས་ལ་ངག་འཕྲིན་བསྐུར་ནས་འདི་ལྟར། ཁྱོད་གཉིས་ཀྱིས་ཡ་ཧུ་དཱ་ཡི་རྒན་པོ་རྣམས་ལ་འདི་སྐད་སྨྲ་དགོས་ཏེ། རྒྱལ་པོ་ཕྱིར་ཕོ་བྲང་དུ་སྤྱན་འདྲེན་པའི་དོན་གྱི་ཐད་ཁྱོད་རྣམས་གཞན་པའི་རྗེས་སུ་ལུས་པ་ཅི་ཡིན་ནམ། ཡེས་ར་ཨེལ་པ་ཡོངས་ཀྱིས་རྒྱལ་པོ་ཕྱིར་སྤྱན་འདྲེན་པའི་གཏམ་ནི་རྒྱལ་པོའི་དྲུང་དང་རྒྱལ་པོའི་ཕོ་བྲང་དུ་སླེབས་ཚར། 12 ཁྱོད་རྣམས་ངའི་སྤུན་ཟླ་དང་ཤ་རུས་ཡིན་པས། རྒྱལ་པོ་ཕྱིར་སྤྱན་འདྲེན་པར་ཁྱོད་རྣམས་རྗེས་སུ་ལུས་པ་ཅི་ཡིན་ཞེས་དང་། 13 ཡང་ཁྱོད་རྣམས་ཀྱིས་ཨ་མ་སཱ་ལ་འདི་ལྟར། ཁྱོད་ངའི་ཤ་རུས་མ་ཡིན་ནམ། གལ་ཏེ་ངས་ཁྱོད་ནི་ཡོ་ཨབ་ཀྱི་ཚབ་ལ་བདག་གི་དྲུང་ནས་གཏན་དུ་དམག་དཔོན་དུ་མི་བྱེད་ན། དཀོན་མཆོག་གིས་བདག་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག་ཅེས་སྨྲ་དགོས་ཞེས་བསྒོས། 14 དེ་ལྟར་ཁོང་གིས་མི་གཅིག་གི་སེམས་བཀུག་པ་ལྟར་ཡ་ཧུ་དཱ་པ་རྣམས་ཀྱི་སེམས་བཀུག་པར་མཛད་ཅིང་། དེ་དག་གིས་རྒྱལ་པོའི་དྲུང་དུ་མི་མངགས་ནས། རྒྱལ་པོ་དང་རྒྱལ་པོའི་བློན་འཁོར་རྣམས་ཕྱིར་ཕེབས་པར་མཛོད་ཅེས་ཞུས་སོ། ། 15 དེ་ནས་རྒྱལ་པོ་ཕྱིར་ཕེབས་ནས་ཡོར་དན་གཙང་པོའི་འགྲམ་དུ་སླེབས། ཡ་ཧུ་དཱ་པ་རྣམས་རྒྱལ་པོ་ཡོར་དན་གཙང་པོའི་ཚུར་ཕྱོགས་ལ་བསུ་བར་གིལ་གལ་དུ་སླེབས།
དཱ་བིད་ཀྱིས་དགྲ་རྣམས་ལ་དགོངས་སེལ་གནང་བ།
16 ཡང་པེན་ཡཱ་མེན་པ་གེ་རཱ་ཡི་བུ་སྟེ། པཱ་ཧུ་རིམ་ནས་ཐོན་པའི་ཤིམ་ཨི་བྱ་བ་དེ་རྟབ་རྟབ་པོར་ཡ་ཧུ་དཱ་པ་རྣམས་དང་མཉམ་དུ་མར་སོང་ནས་རྒྱལ་པོ་དཱ་བིད་ལ་བསུ་བ་བྱས། 17 ཤིམ་ཨི་དང་མཉམ་དུ་པེན་ཡཱ་མེན་པ་མི་ཆིག་སྟོང་དང་། སོ་ལོ་ཚང་གི་གཡོག་པོ་ཙི་བཱ་དང་དེའི་བུ་བཅོ་ལྔ་དང་ཞབས་ཕྱི་ཉི་ཤུ་བཅས་ཡོད་པ་ཡིན། དེ་དག་བྲེལ་མྱུར་གྱིས་ཡོར་དན་གཙང་པོ་བརྒལ་ཏེ་རྒྱལ་པོའི་དྲུང་དུ་སོང་ཞིང་། 18 མི་རྣམས་རབ་ཁ་བརྒྱུད་ནས་རྒྱལ་པོའི་ཐུགས་དགོངས་བཞིན་རྒྱལ་པོ་དང་ཁོང་གི་ཁྱིམ་མི་རྣམས་གཙང་པོ་བརྒལ་དུ་བཅུག་པ་དང་། དཱ་བིད་ཡོར་དན་གཙང་པོ་བརྒལ་ནས་ཕེབས་པར་བརྩམས་པའི་ཚེ། གེ་རཱ་ཡི་བུ་ཤིམ་ཨི་ཡིས་རྒྱལ་པོའི་དྲུང་དུ་ལུས་སར་བཏུད་ནས་ཕྱག་བཙལ་བ་དང་། 19 རྒྱལ་པོ་ལ་འདི་ལྟར། བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་ཡེ་རུ་སཱ་ལེམ་དང་བྲལ་བའི་ཉིན་མོར་ཞབས་ཕྱི་བདག་གིས་ཉེས་པ་བཟོས་ཟིན། ད་ནི་བདག་གི་ཇོ་བོས་བདག་ལ་ཉེས་པ་མི་འགེལ་བ་དང་། རྒྱལ་པོའི་ཡིད་ལ་མི་དྲན་ཞིང་ཐུགས་སུའང་མི་འཛིན་པར་མཁྱེན། 20 གཟིགས་དང་། ཞབས་ཕྱིས་རང་ལ་སྡིག་ཉེས་ཡོད་པ་ཤེས་བཞིན་དུ། ཡོ་སེབ་ཀྱི་ཁྱིམ་རྒྱུད་ཡོངས་ཀྱི་ཁྲོད་ནས་དེ་རིང་ཉིན་མོར་ང་རང་ཐོག་མར་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་བསུ་བར་འདིར་འོངས་པ་ཡིན་ཞེས་ཞུས་པ་ལ། 21 ཟེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨི་ཡིས་དེའི་ལན་དུ། ཤིམ་ཨི་ཡིས་དཀོན་མཆོག་ཡ་ཝཱེས་བྱུགས་པ་ལ་དམོད་མོ་བཏབ་པས་ཁོ་གསོད་པར་མི་འོས་སམ་ཞེས་སྨྲས་ཤིང་། 22 དཱ་བིད་ཀྱིས། ཟེ་རུ་ཡཱ་ཡི་བུ་རྣམས། ཁྱོད་ཅག་ང་དང་འབྲེལ་བ་ཅི་ཡོད། ཁྱོད་ཅག་གིས་དེ་རིང་ང་ལ་རྒོལ་ལན་སྤྲོད་དམ། དེ་རིང་ཡེས་ར་ཨེལ་གྱི་ཁྲོད་ནས་སུ་ཞིག་གསོད་རུང་ངམ། བདག་གིས་རང་ཉིད་ཡེས་ར་ཨེལ་གྱི་རྒྱལ་པོ་ཡིན་པ་མི་ཤེས་སམ་ཞེས་གསུངས་ནས། 23 རྒྱལ་པོས་ཤིམ་ཨི་ལ། ཁྱོད་འཆི་བར་མི་འགྱུར་རོ་ཞེས་བསྒོས་ཤིང་ཁོ་ལ་མནའ་བསྐྱལ་ཏོ། །
དཱ་བིད་ཀྱིས་མེ་ཕི་པོ་ཤེད་གཅེས་སུ་བཟུང་བ།
24 དེར་སོ་ལོའི་ཚ་བོ་མེ་ཕི་པོ་ཤེད་ཀྱང་རྒྱལ་པོ་བསུ་བར་འོངས། དེས་རྒྱལ་པོ་ཕྱིན་པའི་ཉིན་ནས་བཟུང་ཁོང་བདེ་བར་ཡེ་རུ་སཱ་ལེམ་དུ་ཕྱིར་ཕེབས་པའི་བར་དུ། རྐང་པ་མ་བཀྲུས་ཤིང་སྨ་ར་མ་བཞར་ལ། གོས་ཀྱང་མ་བཀྲུས་སོ། ། 25 ཡང་ཁོ་རང་ཡེ་རུ་སཱ་ལེམ་དུ་རྒྱལ་པོ་བསུ་བར་འོངས་པའི་ཚེ། རྒྱལ་པོས་དེ་ལ། ཀྱེ་མེ་ཕི་པོ་ཤེད། ཁྱོད་ང་དང་མཉམ་དུ་ཅིའི་ཕྱིར་མ་སོང་ངམ་ཞེས་དྲིས་པའི་ལན་དུ། 26 ཁོ་ན་རེ། ཀྱེ་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་ལགས། བདག་གི་ཞབས་ཕྱིས་ *འདིར་ཞབས་ཕྱི་ཞེས་པ་ནི་ཙི་བཱ་ལ་གོ་བ་ཡིན་ཏེ། སྔར་དཱ་བིད་ཡེ་རུ་སཱ་ལེམ་དུ་འབྲོ་བའི་སྐབས་སུ། ཁོས་ལམ་བར་དུ་དཱ་བིད་ལ་བསུ་བ་བྱས་ཤིང་ཁ་ཟས་སྣ་ཚོགས་ཕུལ་བར་མ་ཟད། རང་གི་བདག་པོ་སྟེ་མེ་ཕི་པོ་ཤེད་ལ་སྐུར་འདེབས་བཏང་བ་ཡིན། བདག་ལ་མགོ་བསྐོར་བཏང་བ་རེད། ཞབས་ཕྱི་བདག་ནི་ཞ་བོ་ཡིན་པས། ཉིན་དེར་ཞབས་ཕྱི་བདག་གིས་བོང་བུར་སྒ་བསྟད་ནས་རྒྱལ་པོ་མཉམ་དུ་འགྲོ་བར་བསམ་པ་ཡིན་མོད། 27 འོན་ཀྱང་མི་དེས་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་དྲུང་དུ་ཞབས་ཕྱིར་སྐུར་འདེབས་བྱས་པ་རེད། བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་ནི་དཀོན་མཆོག་གི་ཕོ་ཉ་དང་འདྲ་བས། ཁྱེད་ཀྱི་སྤྱན་སྔར་གང་ཞིག་ལེགས་ན་དེ་བཞིན་མཛོད་ཅིག 28 བདག་གི་ཕ་རྒྱུད་ཐམས་ཅད་ནི་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་དྲུང་དུ་ཤི་འོས་པའི་མི་ལྟ་བུ་ཡིན་ཡང་། རྒྱལ་པོ་ཁྱེད་ཀྱིས་ཞབས་ཕྱི་བདག་ནི་ཁྱེད་ཀྱི་གསོལ་ལྕོག་ལས་ཟས་སྤྱོད་པའི་གྲལ་དུ་བཅུག་པས། ད་ནི་བདག་ལ་རྒྱལ་པོར་འོ་དོད་འབོད་པའི་དབང་ཞིག་གང་དུ་ཡོད་ཅེས་ཞུས་པ་དང་། 29 རྒྱལ་པོས་དེ་ལ། ཁྱོད་ཀྱིས་ད་དུང་རང་གི་དོན་རྣམས་གླེང་བ་དེ་ཅི་ཡིན། ངས་ནི་ཁྱོད་དང་ཙི་བཱ་གཉིས་ཀྱིས་ས་ཞིང་བགོ་བར་བྱོས་ཤིག་ཅེས་བསྒོའོ་ཞེས་གསུངས་ཤིང་། 30 མེ་ཕི་པོ་ཤེད་ཀྱིས་རྒྱལ་པོ་ལ། བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་བདེ་བར་རང་གི་ཕོ་བྲང་དུ་སླེབས་བྱུང་བས། ཐ་ན་ཐམས་ཅད་ཙི་བཱ་ཡིས་ཁྱེར་ཡང་ཆོག་ཅེས་གསོལ་ཏོ། །
དཱ་བིད་ཀྱིས་པཱར་ཟིལ་ལ་ཨི་གཅེས་སུ་བཟུང་བ།
31 གཞན་ཡང་གིལ་ཨད་པ་པཱར་ཟིལ་ལ་ཨི་ནི་རོ་གེ་ལིམ་ནས་མར་འོངས་ཤིང་། རྒྱལ་པོ་སྲུང་སྐྱེལ་བགྱི་བའི་ཕྱིར་ཁོང་དང་ལྷན་ཅིག་ཡོར་དན་གཙང་པོ་བརྒལ་བའོ། ། 32 པཱར་ཟིལ་ལ་ཨི་ནི་ཤིན་ཏུ་རྒས་ཤིང་ལོ་བརྒྱད་ཅུར་སོན་པ་ཞིག་ཡིན་ཏེ། ཡང་ཁོ་ནི་ཕྱུག་བདག་ཅིག་ཡིན་པས་རྒྱལ་པོ་མཱ་ཧ་ནཱ་ཡིམ་དུ་ལུས་པའི་ཚེ་ཁོས་ཁ་ཟས་བསྐྱལ་ཏོ། ། 33 དེར་རྒྱལ་པོས་པཱར་ཟིལ་ལ་ཨི་ལ། ཁྱེད་རང་ང་དང་མཉམ་དུ་ཕར་འགྲོ་དང་། ངས་ཡེ་རུ་སཱ་ལེམ་དུ་རང་གི་རྩར་ཁྱེད་ཉིད་གསོ་སྐྱོང་བྱའོ་ཞེས་གསུངས་ཀྱང་། 34 པཱར་ཟིལ་ལ་ཨི་ཡིས་རྒྱལ་པོ་ལ། ཕྲན་ཆུང་བདག་རྒྱལ་པོ་དང་མཉམ་དུ་ཡེ་རུ་སཱ་ལེམ་ནས་ད་དུང་ལོ་ཅི་ཙམ་ལ་སྡོད་ཐུབ་བམ། 35 དེ་རིང་བདག་ནི་ལོ་བརྒྱད་ཅུ་ལོན་པས། ད་དུང་ཡག་བཙོག་ཤེས་སམ། ད་དུང་བཟའ་བཏུང་གི་བྲོ་བ་མྱོང་ཐུབ་བམ། ད་དུང་གླུ་བ་ཕོ་མོའི་གླུ་སྐད་ཐོས་ནུས་སམ། ཞབས་ཕྱི་བདག་གིས་ངའི་ཇོ་བོ་དང་ངའི་རྒྱལ་པོར་འོ་བརྒྱལ་གཏོད་དགོས་དོན་ཅི་ཡོད། 36 ཞབས་ཕྱི་བདག་གིས་རྒྱལ་པོ་ཁྱེད་ཉིད་ཡོར་དན་གཙང་པོའི་ཕ་རོལ་ཏུ་སྲུང་སྐྱེལ་བྱེད་པ་ནི་བྱ་བ་ཕྲན་བུ་ཞིག་ཡིན་ལ། རྒྱལ་པོས་བདག་ལ་དེ་ལྟ་བུའི་གསོལ་རས་གནང་དགོས་སམ། 37 ཁྱེད་ཀྱིས་ང་རང་ཕྱིར་ལོག་པར་གནོངས་ཤིག དེ་ནས་བདག་རང་གི་གྲོང་ཁྱེར་དུ་ཚེ་ལས་འདས་ཏེ་རང་གི་ཕ་མའི་དུར་ཁུང་དུ་བསྐུང་བར་འགྱུར་རོ། །ཁྱེད་ཀྱི་ཞབས་ཕྱི་ཀིམ་ཧམ་ལ་གཟིགས་དང་། ཁོ་རང་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་མཉམ་དུ་ཕར་འགྲོ་བར་མཛོད། ཁྱེད་ཀྱི་སྤྱན་སྔར་གང་ལེགས་ན་ཁོ་ལ་དེ་བཞིན་མཛོད་ཅིག་ཅེས་ཞུས་པའི་ལན་དུ། 38 རྒྱལ་པོས། ཀིམ་ཧམ་ནི་ང་དང་མཉམ་དུ་ཕར་སོང་ཆོག་སྟེ། ཁྱེད་ཀྱིས་གང་ལེགས་པར་འདོད་ན་ངས་ཁོ་ལ་དེ་བཞིན་བྱའོ། །ཁྱེད་ཀྱིས་ང་ལ་གང་ཞུས་ཀྱང་ངས་ཁྱེད་ཀྱི་ཕྱིར་བྱའོ་ཞེས་གསུངས་སོ། ། 39 མི་ཚོགས་ཐམས་ཅད་ཡོར་དན་གཙང་པོ་བརྒལ་ཟིན་ཏེ། རྒྱལ་པོའང་ཚུར་འབྱོན་པའི་ཚེ། ཁོང་གིས་པཱར་ཟིལ་ལ་ཨི་ལ་འོ་བྱས་ཤིང་ཁོ་ལ་བྱིན་རླབས་མཛད་ནས་དེ་རང་ཡུལ་དུ་ལོག་གོ ། 40 དེ་ནས་རྒྱལ་པོ་གཙང་པོ་བརྒལ་ཏེ་གིལ་གལ་དུ་སླེབས་པ་དང་། ཀིམ་ཧམ་ཡང་ཁོང་དང་མཉམ་དུ་སོང་ངོ་། །དེར་ཡ་ཧུ་དཱ་ཡི་མི་ཐམས་ཅད་དང་ཡེས་ར་ཨེལ་གྱི་མི་རྣམས་ཀྱི་ཕྱེད་ཀས་རྒྱལ་པོར་སྐྱེལ་མ་བྱས།
ཡེས་ར་ཨེལ་དང་ཡ་ཧུ་དཱ་ཡི་མི་རྣམས་བར་རྒྱལ་པོའི་ཆེད་དུ་རྩོད་པ་བྱུང་བ།
41 ལྟོས་དང་། ཡེས་ར་ཨེལ་པ་ཐམས་ཅད་རྒྱལ་པོའི་དྲུང་དུ་འོངས་ནས་རྒྱལ་པོ་ལ། རང་རེའི་སྤུན་ཟླ་ཡ་ཧུ་དཱ་པ་རྣམས་ཀྱིས་ཅིའི་ཕྱིར་རྒྱལ་པོ་དང་ཁོང་གི་ཁྱིམ་མི་རྣམས་དང་། ཁོང་གི་རྗེས་སུ་འབྲངས་པའི་མི་ཐམས་ཅད་ལ་ལྐོག་ནས་སྐྱེལ་མ་བྱས་ཏེ་ཡོར་དན་གཙང་པོ་བརྒལ་བ་ཡིན་ནམ་ཞེས་ཞུས་པས། 42 ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ། ངེད་རྣམས་རྒྱལ་པོའི་གཉེན་ཉེ་ཡིན་པས་དེ་ལྟར་བྱས་ཏེ། ཁྱོད་རྣམས་ཅིའི་ཕྱིར་དེའི་དོན་དུ་ཁྲོའམ། ངེད་རྣམས་ཀྱིས་རྒྱལ་པོར་བརྟེན་ནས་ཅི་ཞིག་ཟོས་སམ། ཁོང་གིས་ངེད་རྣམས་ལ་གསོལ་རས་གང་ཞིག་གནང་བ་ཡིན་ནམ་ཞེས་ལན་སྨྲས་ཤིང་། 43 ཡེས་ར་ཨེལ་པ་རྣམས་ཀྱིས་ཡ་ཧུ་དཱ་པ་རྣམས་ལ་ལན་དུ། ངེད་རྣམས་ནི་རྒྱལ་པོ་དང་ལྡབ་བཅུ་ †འདིར་ལྡབ་བཅུ་ཞེས་པ་ནི་རྒྱལ་པོ་དཱ་བིད་ཀྱིས་ཡེས་ར་ཨེལ་པའི་ཚོ་པ་བཅུ་གཉིས་པོ་ལ་སྲིད་བྱེད་ཅིང་། དེ་ལས་ཡེས་ར་ཨེལ་ནི་ཚོ་པ་བཅུ་ཡིན་པ་དང་། ཡ་ཧུ་དཱ་ནི་ཚོ་པ་གཅིག་རང་ཡིན་པར་གོ་དགོས། ཡིས་ཉེ་ཞིང་། དཱ་བིད་ཀྱི་སྟེང་དུའང་ཁྱོད་ཚོ་ལས་ངེད་རྣམས་ལ་དབང་ཆེ་བ་ཡིན། ཁྱོད་ཚོས་ཅིའི་ཕྱིར་ངེད་རྣམས་ལ་མཐོང་ཆུང་བྱེད་དམ། རྒྱལ་པོ་ཕྱིར་གདན་འདྲེན་ཞུ་བའི་གྲོས་ནི་ཐོག་མར་ངེད་རྣམས་ཀྱིས་བཏབ་པ་མ་ཡིན་ནམ་ཞེས་སྨྲས་ནའང་། ཡ་ཧུ་དཱ་པའི་གཏམ་ནི་ཡེས་ར་ཨེལ་གྱི་གཏམ་ལས་ཀྱང་མཁྲེགས་པར་གྱུར་ཏོ། །
*ལེའུ་བཅུ་དགུ་པ།:26 འདིར་ཞབས་ཕྱི་ཞེས་པ་ནི་ཙི་བཱ་ལ་གོ་བ་ཡིན་ཏེ། སྔར་དཱ་བིད་ཡེ་རུ་སཱ་ལེམ་དུ་འབྲོ་བའི་སྐབས་སུ། ཁོས་ལམ་བར་དུ་དཱ་བིད་ལ་བསུ་བ་བྱས་ཤིང་ཁ་ཟས་སྣ་ཚོགས་ཕུལ་བར་མ་ཟད། རང་གི་བདག་པོ་སྟེ་མེ་ཕི་པོ་ཤེད་ལ་སྐུར་འདེབས་བཏང་བ་ཡིན།
†ལེའུ་བཅུ་དགུ་པ།:43 འདིར་ལྡབ་བཅུ་ཞེས་པ་ནི་རྒྱལ་པོ་དཱ་བིད་ཀྱིས་ཡེས་ར་ཨེལ་པའི་ཚོ་པ་བཅུ་གཉིས་པོ་ལ་སྲིད་བྱེད་ཅིང་། དེ་ལས་ཡེས་ར་ཨེལ་ནི་ཚོ་པ་བཅུ་ཡིན་པ་དང་། ཡ་ཧུ་དཱ་ནི་ཚོ་པ་གཅིག་རང་ཡིན་པར་གོ་དགོས།