ལེའུ་ཉི་ཤུ་པ།
ཤེ་བཱས་ངོ་ལོག་བྱས་པ།
དེར་ཏག་ཏག་ཁྲམ་པ་ཞིག་ཡོད་ཅིང་མིང་ལ་ཤེ་བཱ་ཞེས་བྱ་སྟེ། པེན་ཡཱ་མེན་པ་པིག་རེའི་བུ་ཡིན་ལ། དེས་རྭ་དུང་འབུད་ཀྱིན་འདི་ལྟར། བདག་ཅག་ལ་དཱ་བིད་ཀྱི་ནང་དུ་སྐལ་བ་མེད་ཅིང་། ཡེ་སེ་ཡི་བུ་དང་འབྲེལ་བ་མེད་དེ། ཀྱེ་ཡེས་ར་ཨེལ་པ་རྣམས། མི་རེ་རེ་རང་རང་གི་གུར་དུ་སོང་ཞིག་ཅེས་སྨྲས་པས། ཡེས་ར་ཨེལ་པ་ཐམས་ཅད་དཱ་བིད་དང་བྲལ་ནས་པིག་རེའི་བུ་ཤེ་བཱ་ཡི་རྗེས་སུ་འབྲངས། ཡིན་ནའང་ཡ་ཧུ་དཱ་པ་རྣམས་ཡོར་དན་གཙང་པོ་ནས་བཟུང་སྟེ་ཡེ་རུ་སཱ་ལེམ་བར་དུ་རང་གི་རྒྱལ་པོའི་རྗེས་སུ་དམ་པོར་འབྲངས་པ་རེད། རྒྱལ་པོ་དཱ་བིད་ཡེ་རུ་སཱ་ལེམ་དུ་སླེབས་ཤིང་རང་གི་ཕོ་བྲང་དུ་ཕེབས་ནས། སྔར་ཕོ་བྲང་བསྲུང་བར་བཞག་པའི་ཆུན་མ་བཅུ་པོ་བཀག་སྲུང་བྱས། ཁོང་གིས་དེ་དག་འཚོ་སྐྱོང་བྱས་ནའང་དེ་དག་གི་གམ་དུ་མ་ཕྱིན་པ་དང་། དེ་དག་འཆི་བའི་ཉིན་མོ་བར་བཙོན་དུ་ཟུར་བཀག་བྱས་ནས་བཞག་གོ ། དེ་ནས་རྒྱལ་པོས་ཨ་མ་སཱ་ལ། ཉིན་གསུམ་གྱི་ནང་དུ་ཡ་ཧུ་དཱ་པ་ཐམས་ཅད་ངའི་དྲུང་དུ་བསྡུས་ཤིག ཁྱོད་རང་ཡང་འདི་རུ་ལོག་དགོས་ཞེས་བཀའ་བསྩལ་པ་དང་། ཨ་མ་སཱ་ནི་ཡ་ཧུ་དཱ་པ་རྣམས་བསྡུ་བར་ཕྱིན་ནའང་། ཁོས་འགོར་འགྱངས་བྱས་ཏེ་རྒྱལ་པོའི་དུས་བཅད་ལས་བརྒལ་བས། དཱ་བིད་ཀྱིས་ཨ་བི་ཤཱ་ཨི་ལ། ད་ལྟ་པིག་རེའི་བུ་ཤེ་བཱ་ཡིས་རང་ཅག་ལ་ཨབ་ཤཱ་ལོམ་ལས་ཀྱང་ལྷག་པར་གནོད་པ་བྱེད་ཉེན་ཆེ་བས། མི་དེ་མཁར་རྫོང་བཙན་པོའི་ནང་དུ་ཞུགས་ཏེ་རང་རེའི་མིག་མདུན་ནས་མ་བྲོས་གོང་དུ། ཁྱོད་ཀྱིས་རང་གི་ཇོ་བོའི་ཞབས་ཕྱི་རྣམས་ཁྲིད་ནས་ཁོའི་ར་མདར་རྒྱུགས་ཤིག་ཅེས་བསྒོས་པ་ལ། ཡོ་ཨབ་ཀྱི་མི་རྣམས་དང་། ཀེ་རེད་པ་དང་། ཕེ་ལེད་པ་དང་། དཔའ་རྩལ་ཅན་ཐམས་ཅད་ཡེ་རུ་སཱ་ལེམ་ནས་ཐོན་ཏེ་པིག་རེའི་བུ་ཤེ་བཱ་ཡི་ར་མདར་བརྒྱུགས་པ་དང་། ཁོ་རྣམས་གིབ་ཡོན་གྱི་ཕ་བོང་ཆེན་པོ་ཡོད་སར་སླེབས་པའི་ཚེ། ཨ་མ་སཱ་ཁོ་རྣམས་བསུ་བར་འོངས་པ་དང་། སྐབས་དེར་ཡོ་ཨབ་ཀྱིས་གོ་ཁྲབ་གྱོན་ནས་རལ་གྲི་བཏགས་པའི་སྐ་རགས་བཅིངས་ཡོད་དེ། རལ་གྲི་ཤུབས་ཀྱི་ནང་དུ་ཡོད་པ་ཡིན། ཡོ་ཨབ་མདུན་དུ་སྐྱོད་པའི་ཚེ་རལ་གྲི་ཤུབས་ནས་ལྷུང་བ་རེད། དེར་ཡོ་ཨབ་ཀྱིས་ཨ་མ་སཱ་ལ། ངའི་སྤུན་མཆེད། ཁྱོད་རང་སྐུ་ཁམས་བདེ་ལགས་སམ་ཞེས་སྨྲས་པ་དང་། ལག་གཡས་པས་ཨ་མ་སཱའི་སྨྲ་ར་ལ་འཐམས་ཏེ་ཁོ་ལ་འོ་བྱེད་རྩིས་བྱས་སོ། ། 10 ཨ་མ་སཱ་ཡིས་ཡོ་ཨབ་ཀྱི་ལག་ཏུ་རལ་གྲི་ཡོད་པར་དོགས་ཟོན་མ་བྱས་པས། ཡོ་ཨབ་ཀྱིས་རལ་གྲི་ཡིས་ཁོའི་གྲོད་ཁོག་ལ་བསྣུན་ཐེངས་གཅིག་གིས་ཁོ་རྒྱུ་མ་ས་རུ་བླུགས་ནས་ཤིའོ། །དེ་ནས་ཡོ་ཨབ་དང་ཁོའི་ནུ་བོ་ཨ་བི་ཤཱ་ཨི་གཉིས་ཀྱིས་པིག་རེའི་བུ་ཤེ་བཱ་བདས་སོ། ། 11 ཡོ་ཨབ་ཀྱི་གཡོག་པོ་ཞིག་ཨ་མ་སཱ་ཡི་བེམ་པོའི་རྩར་ལངས་བསྡད་དེ་ན་རེ། སུ་ཞིག་ཡོ་ཨབ་ལ་དགའ་བ་དང་དཱ་བིད་ཀྱི་ཕྱོགས་ཡིན་ན། དེ་ནི་ཡོ་ཨབ་ཀྱི་རྗེས་སུ་འབྲང་འོས་པ་ཡིན་ཞེས་བསྐུལ། 12 ཨ་མ་སཱའི་ལུས་ཡོངས་ཁྲག་གིས་བརྫིས་ནས་ལམ་དཀྱིལ་དུ་འགྱེལ་ཡོད་ཅིང་། མི་དེས་དེར་སླེབས་པའི་འབངས་ཐམས་ཅད་ལངས་སྡོད་པ་མཐོང་བས། ཨ་མ་སཱའི་བེམ་པོ་ལམ་ཁ་ནས་ཞིང་ཁར་བསྣུར་ཞིང་སྟེང་དུ་ལྭ་བ་བཀབ་བོ། ། 13 བེམ་པོ་ལམ་ཁ་ནས་བསྣུར་བའི་རྗེས་སུ། མི་ཐམས་ཅད་ཡོ་ཨབ་ཀྱི་རྗེས་འབྲངས་ནས་པིག་རེའི་བུ་ཤེ་བཱ་ཡི་ར་མདར་བརྒྱུགས་སོ། ། 14 དེ་ནས་ཤེ་བཱ་ནི་ཡེས་ར་ཨེལ་གྱི་ཚོ་ཁག་རེ་རེ་བརྒྱུད་ནས། པེད་མ་ཨ་ཀཱ་ཡི་ཨ་བེལ་བར་དང་པེ་རེ་པའི་མངའ་ཁོངས་ཀུན་ཏུ་སླེབས་པ་དང་། མི་ཐམས་ཅད་འདུས་ནས་ཁོའི་རྗེས་སུ་འབྲངས་པ་རེད། 15 ཡོ་ཨབ་ཀྱི་རྗེས་སུ་འབྲངས་པའི་མི་ཐམས་ཅད་ཨ་བེལ་པེད་མ་ཨ་ཀཱ་རུ་སླེབས་ནས་ཤེ་བཱ་བསྐོར་བ་དང་། གྲོང་ཁྱེར་གྱི་ཁ་གཏད་དུ་ས་རགས་བརྩིགས་ཤིང་ལྕགས་རིའི་ཁ་གཏད་དུ་བསྡད་ནས། ཁོ་རྣམས་ཀྱིས་ལྕགས་རི་རྡིབ་ཏུ་འཇུག་པའི་ཕྱིར་དེར་ཤུགས་ཀྱིས་བརྡབས་པ་རེད། 16 དེའི་ཚེ་བུད་མེད་བློ་གྲོས་དང་ལྡན་པ་ཞིག་གིས་མཁར་ཁ་ནས་བོས་ཏེ། གསན་རོགས་གནང་། གསན་རོགས་གནང་། ཁྱེད་ཅག་གིས་ཡོ་ཨབ་ལ། འདིར་ཉེ་བར་ཤོག་དང་ངས་ཁྱེད་ལ་གཏམ་ཞིག་ཞུ་བར་བྱའོ་ཞེས་ཞུ་བར་མཛོད་ཅེས་སྨྲས་པས། 17 ཡོ་ཨབ་བུད་མེད་དེའི་ཉེ་སར་ཕྱིན་པའི་ཚེ་བུད་མེད་ཀྱིས། ཁྱེད་རང་ཡོ་ཨབ་ལགས་སམ་ཞེས་སྨྲས་པས་ལན་དུ། ཁོས་ང་རང་ཡིན་ཞེས་སྨྲས་སོ། །དེ་ནས་བུད་མེད་ཀྱིས། ཁྱེད་ཀྱིས་གཡོག་མོ་བདག་གི་གཏམ་ལ་གསན་རོགས་ཞེས་ཞུས་པར། ཁོས་ངས་ཉན་ཡོད་ཅེས་སྨྲས་སོ། ། 18 ཡང་བུད་མེད་ཀྱིས། གནའ་བོའི་ངག་རྒྱུན་ལ། ཨ་བེལ་དུ་གྲོས་འདྲི་འོས་ཏེ། དེ་རུ་དོན་རྣམས་ཐག་གིས་ཆོད་པ་ཡིན་ཞེས་ཟེར་རོ། ། 19 ང་ནི་ཡེས་ར་ཨེལ་པའི་ཁྲོད་དུ་ཞི་བདེ་ལ་དགའ་བ་དང་བློ་དཀར་བ་ཡིན། ད་ལྟ་ཁྱེད་ཀྱིས་ཡེས་ར་ཨེལ་གྱི་མ་ཡུམ་ཡིན་པའི་གྲོང་ཁྱེར་འདི་བརླག་འདོད་པ་སྟེ། ཁྱེད་ཀྱིས་དཀོན་མཆོག་ཡ་ཝཱེའི་ནོར་སྐལ་མེད་པར་བཟོ་བ་དེ་ཅི་ཡིན་ཞེས་ཞུས་པར། 20 ཡོ་ཨབ་ཀྱིས་ལན་དུ། དེ་ལྟར་མིན་ཏེ། ངས་གཏན་ནས་ཁྱུར་མིད་མི་གཏོང་ལ་བརླག་པར་ཡང་མི་བྱེད། 21 གཏམ་ནི་དེ་བཞིན་མ་ཡིན་གྱི། ཨེ་ཕཱར་ཡིམ་རི་ཁུལ་གྱི་པིག་རེའི་བུ་ཤེ་བཱ་བྱ་བ་དེས། ལག་པ་བཏེགས་ནས་རྒྱལ་པོ་དཱ་བིད་ལ་ངོ་རྒོལ་བྱས་པའི་རྐྱེན་ཁོ་ན་ཡིན། ཁྱོད་ཀྱིས་མི་དེ་གཅིག་པུ་ངའི་ལག་ཏུ་སྤྲོད་ན། ང་གྲོང་ཁྱེར་དང་བྲལ་ནས་འགྲོ་ངེས་ཡིན་ཞེས་སྨྲས་པས། བུད་མེད་ཀྱིས་ཡོ་ཨབ་ལ། གཟིགས་དང་། དེའི་མགོ་ནི་ལྕགས་རིའི་སྟེང་ནས་གཡུག་པར་བྱའོ་ཞེས་སྨྲས་ཤིང་། 22 བུད་མེད་དེ་སོང་སྟེ་རང་གི་བློ་གྲོས་ལ་བརྟེན་ནས་མི་ཚོགས་ལ་སྐུལ་མ་བཏང་ཞིང་། དེ་དག་གིས་པིག་རེའི་བུ་ཤེ་བཱ་ཡི་མགོ་བཅད་དེ་ཡོ་ཨབ་ཀྱི་དྲུང་དུ་གཡུགས་པས། དེས་ནི་རྭ་དུང་བུས་པ་ལ་མི་རྣམས་གྲོང་ཁྱེར་དེ་ལས་ཆས་པ་དང་། མི་རེ་རེ་རང་རང་གི་གུར་དུ་སོང་། ཡོ་ཨབ་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་སྟེ་རྒྱལ་པོའི་དྲུང་དུ་ཕྱིན་ཏོ། ། 23 ཡོ་ཨབ་ནི་ཡེས་ར་ཨེལ་པའི་དམག་དཔུང་ཐམས་ཅད་ཀྱི་དམག་དཔོན་དང་། ཡེ་ཧོ་ཡ་དཱ་ཡི་བུ་པེ་ནཱ་ཡ་ནི་ཀེ་རེད་པ་དང་ཕེ་ལེད་པའི་དམག་དཔོན་དུ་བསྐོས་ལ། 24 ཨ་དོ་རམ་ནི་སྡུག་ལས་རྒྱག་མཁན་རྣམས་ཀྱི་འགོ་དཔོན་དང་། ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་ནི་ལོ་རྒྱུས་འགོད་མཁན་དུ་བསྐོས་ཏེ། 25 ཤེ་ཝཱ་ནི་དྲུང་ཡིག་དང་། ཟཱ་ཏོག་དང་ཨབ་ཡཱ་ཐར་གཉིས་ནི་མཆོད་དཔོན་དང་། 26 ཡཱ་ཨིར་པ་ཨི་རཱ་ཡང་དཱ་བིད་ཀྱི་མཆོད་དཔོན་དུ་བསྐོས་པའོ། །