༄༅། །ཐེ་སཱ་ལོ་ནེ་ཀེ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གཉིས་པ།
ཐེ་སཱ་ལོ་ནེ་ཀེ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཐེ་སཱ་ལོ་ནེ་ཀེ་པ་དང་པོའི་ངོ་སྤྲོད་ལ་གཟིགས་རོགས།
ཡི་གེར་འགོད་མཁན་དང་འགོད་དུས།
ཐེ་སཱ་ལོ་ནེ་ཀེ་པའི་འཕྲིན་ཡིག་གཉིས་པ་ནི་འཕྲིན་ཡིག་དང་པོ་དང་འདྲ་བས། འདི་ནི་འཕྲིན་ཡིག་དང་པོའི་རྗེས་སུ་བྲིས་པ་ཡིན་པར་འདོད་ལ། སྤྱི་ལོ་51ལོའམ་ཡང་ན་སྤྱི་ལོ་52ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཐེ་སཱ་ལོ་ནེ་ཀེ་པའི་འཕྲིན་ཡིག་དང་པོ་དང་མཚུངས་པར་འཕྲིན་ཡིག་འདི་ལས་ཀྱང་དུས་ཀྱི་མཐའ་མའི་སྐོར་གྱི་བརྗོད་གཞི་འབུར་དུ་བཏོད་ཡོད། ཐེ་སཱ་ལོ་ནེ་ཀེ་པ་གཉིས་པ་ལ་ཁྱོན་བསྡོམས་ཚིག་རྐང་ཞེ་བདུན་ཡོད་པ་དང་། དེ་ལས་ཚིག་རྐང་བཅོ་བརྒྱད་ཀྱི་ནང་དུ་དུས་ཀྱི་མཐའ་མའི་སྐོར་གསུངས་ཡོད་པ་རེད། མི་ལ་ལས་ཕོལ་ལོལ་གྱི་སྐད་ཆ་ལ་གོ་བ་ལོག་པར་བླངས་ནས་སྐྱབས་མགོན་ཡེ་ཤུ་མྱུར་དུ་འབྱོན་པར་ཐེ་ཚོམ་མེད་སྙམ་སྟེ། ལས་ཀ་མཚམས་བཞག་ནས་སྐྱབས་མགོན་ཡེ་ཤུ་ཕྱིར་ཕེབས་པར་བསྒུགས་པ་རེད། དེ་བས་ཕོལ་ལོལ་གྱིས་གོ་བ་ལོག་པར་ལེན་མཁན་རྣམས་ལ་ཁ་ཏ་སློབ་གསོའི་འཕྲིན་ཡིག་འདི་བྲིས་པ་རེད།
འཆར་ཟིན།
1. ཁམས་འདྲི་གནང་བ་དང་བཀའ་དྲིན་ཞུ་བ། གསོལ་བ་འདེབས་པ་བཅས་ཀྱི་སྐོར། ༼1:1-12༽
2. སྐྱབས་མགོན་ཡེ་ཤུ་ཕྱིར་ཕེབས་པ་དང་ཡེ་ཤུའི་ཆོས་ལུགས་པའི་སྤྱོད་ལམ་སྐོར་གྱི་གདམས་ངག ༼2:1-17༽
3. གཞན་གྱི་ཚབ་ཏུ་གསོལ་བ་འདེབས་པ་དང་ལེ་ལོ་ཅན་ལ་སྐུལ་མ་གནང་བ། ༼3:1-15༽
4. མཇུག་མཐའི་སྨོན་ལམ། ༼3:16-18༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
དེ་ཡང་ཕོལ་ལོལ་བདག་དང་སིལ་ཝ་ནཱ། ཐི་མོ་ཐེ་བཅས་ནས་བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་དུ་ཡོད་པའི་ཐེ་སཱ་ལོ་ནེ་ཀེ་པ་རྣམས་ཀྱི་ཆོས་ཚོགས་ལ་འཕྲིན་ཡིག་སྤྲིངས་པ་འདི་ལྟ༌སྟེ། ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།
དཀོན་མཆོག་ལ་བཀའ་དྲིན་ཞུ་འོས༌པ།
སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱི་དད་སེམས་ལྷག་ཏུ་ཆེ་རུ་ཕྱིན་པ་དང་ཁྱོད་ཅག་ཐམས་ཅད་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་པའི་སེམས་དེའང་ཇེ་ཆེར་འགྲོ་བཞིན་ཡོད༌པས། ངེད་ཅག་གིས་རྟག་ཏུ་ཁྱོད་རྣམས་ཀྱི་ཆེད་དུ་དཀོན་མཆོག་ལ་བཀའ་དྲིན་ཞུ་འོས་སོ།། དེའི༌ཕྱིར། ངེད་ཅག་གིས་དཀོན་མཆོག་གི་ཆོས་ཚོགས་སོ་སོ་ནས་ཁྱོད་རྣམས་ལ་བསྔགས་བརྗོད་བྱས་པ་ཡིན༌ཏེ། ཁྱོད་ཅག་གིས་གཉའ་གནོན་དང་དཀའ་སྡུག་མང་པོ་མྱོང་བའི་ཁྲོད་དུའང་སྔར་བཞིན་བཟོད་བསྲན་དང་དད་སེམས་བཅངས་པའི་ཕྱིར༌རོ།།
དོན་དེ་ནི་དཀོན་མཆོག་གིས་མ་འོངས་པར་དྲང་བདེན་གྱི་ཁྲིམས་ཐག་གཅོད་པར་འགྱུར་བའི་རྟགས་ཡིན༌ཏེ། ཁྱོད་རྣམས་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་འོས་པར་བརྩི་བའི་ཕྱིར༌རོ།། ཁྱོད་རྣམས་ཀྱིས་རྒྱལ་སྲིད་དེའི་དོན་དུ་སྡུག་བསྔལ་ཡང་མྱོང༌བ་ཡིན། 6-7 དཀོན་མཆོག་ནི་དྲང་གཞག་ཡིན་པས་ན། ནམ་མཁའི་ཞིང་ཁམས་ནས་གཙོ་བོ་ཡེ་ཤུ་དང་ཁོང་གི་ཕོ་ཉ་མཐུ་སྟོབས་ཅན་འཁོར་དང་བཅས་པ་མེ་ལྕེའི་ཁྲོད་དུ་མངོན་པར་འགྱུར་བའི༌ཚེ། ཁྱོད་རྣམས་སྡུག་ལ་སྦྱོར་མཁན་དེ་དག་ལ་དཀོན་མཆོག་གིས་ཀྱང་དེ་བཞིན་དུ་ལན་གནང་བར་འགྱུར་བ༌དང༌། ཁོང་གིས་དཀའ་སྡུག་མྱོང་མཁན་ཁྱོད་ཅག་དང་ངེད་རྣམས་ལྷན་དུ་དེ་ལས་ཐར་བར་མཛད་ངེས་ཤིང༌། དཀོན་མཆོག་ངོ་མི་ཤེས་པ་དང་བདག་ཅག་གི་གཙོ་བོ་ཡེ་ཤུའི་འཕྲིན་བཟང་ལ་མི་ཉན་པ་རྣམས་ལ་ལན་དུ་ཉེས་ཆད་གཅོད་པར་འགྱུར་བ༌དང༌། དེ་དག་ལ་གཏན་དུ་འཇིག་པའི་ཉེས་ཆད་ཕོག་སྟེ། གཙོ་བོའི་ཞལ་རས་དང་ཁོང་གི་དབང་ཤེད་ཀྱི་གཟི་འོད་དང་ཁ་འབྲལ་བར་འགྱུར། 10 ཁོང་ཉིད་ཕེབས་ཡོང་བའི་ཉིན་ལ། དོན་དེ་རྣམས་འབྱུང་ངེས༌ཏེ། ཁོང་གི་དད་ལྡན་དམ་པ་རྣམས་ཀྱི་སྟེང་ནས་རང་ཉིད་ལ་གཟི་བརྗིད་འཐོབ་པ༌དང༌། ཡང་དད་ལྡན་ཐམས་ཅད་ཀྱི་ཁྲོད་ནས་ཁོང་ལ་ངོ་མཚར་བར་འགྱུར། དེ་སྔར་ངེད་ཅག་གིས་བདེན་དཔང་བྱས་པ་ལ་ཁྱོད་རྣམས་ཀྱང་ཡིད་ཆེས༌སོ།། 11 དེའི༌ཕྱིར། ངེད་རྣམས་ཀྱིས་རྟག་ཏུ་ཁྱོད་རྣམས་ཀྱི་དོན་དུ་འདི་ལྟར་གསོལ་བ་འདེབས་བཞིན་ཡོད༌དེ། བདག་ཅག་གི་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་འབོད་གནང་བ་ནི་འོས་པར་གཟིགས་པ༌དང༌། ཡང་ནུས་མཐུའི་སྒོ་ནས་ཁྱོད་རྣམས་ཀྱི་འདུན་པ་བཟང་པོ་ཐམས་ཅད༌དང༌། དད་སེམས་ལ་བརྟེན་ནས་བྱས་པའི་ལས་ཐམས་ཅད་འགྲུབ་པར་མཛད་ཕྱིར་ཞུས༌པ་ཡིན། 12 དེ་ནི་བདག་ཅག་གི་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་བཞིན༌དུ། ཁྱོད་ཅག་གི་སྟེང་ནས་བདག་ཅག་གི་གཙོ་བོ་ཡེ་ཤུའི་མཚན་ལ་གཟི་བརྗིད་ལྡན་པར་འགྱུར་བ༌དང༌། ཁྱོད་རྣམས་ལའང་ཁོང་ནས་གཟི་བརྗིད་འཐོབ་པར་འགྱུར་བའི་ཕྱིར༌རོ།།