ལེའུ་ཉེར་གཅིག་པ།
ཡ་ཝཱེའི་རལ་གྲི།
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཡེ་རུ་སཱ་ལེམ་གྱི་ཕྱོགས་སུ་འཁོར་ནས་དམ་པའི་གནས་སུ་གཏམ་སྨྲ་དགོས་ཏེ། ཡེས་ར་ཨེལ་གྱི་ཡུལ་ལ་རྒོལ་བའི་ལུང་སྟོན་ཅིག ཁྱོད་ཀྱིས་ཡེས་ར་ཨེལ་གྱི་ཡུལ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ལ་རྒོལ་ཞིང་། ངས་རང་གི་རལ་གྲི་ཤུབས་ལས་ཕྱུང་སྟེ་མི་དྲང་བདེན་ཅན་དང་སྡིག་སྤྱོད་ཅན་གཉིས་པོ་ཁྱོད་ལས་ཚར་གཅོད་བྱེད་པར་འགྱུར། ངས་མི་དྲང་བདེན་ཅན་དང་སྡིག་སྤྱོད་ཅན་གཉིས་པོ་ཁྱོད་ལས་ཚར་གཅོད་བྱེད་རྒྱུ་ཡིན་པས། ངའི་རལ་གྲི་ནི་ཤུབས་ལས་ཕྱུང་ངེས་ཡིན་ལ། ལྷོ་ནས་བྱང་གི་བར་དུ་མི་ཐམས་ཅད་ལ་རྒོལ་བར་བྱ་སྟེ། དེ་ནས་མི་ཐམས་ཅད་ཀྱིས་ང་ཡ་ཝཱེས་རལ་གྲི་ཤུབས་ལས་ཕྱུང་སྟེ། རལ་གྲི་ཕྱིར་ཤུབས་ཀྱི་ནང་དུ་མི་འཇུག་པ་རྟོགས་པར་འགྱུར་ཞེས་གསུངས་ཞེས་སྨྲོས་ཤིག ཀྱེ་མིའི་བུ། ཁྱོད་ཀྱིས་ཤུགས་རིང་ཕྱུངས་ཤིག དེ་དག་གི་མིག་མདུན་དུ་སྡུག་བསྔལ་ཆེན་པོས་ཤུགས་རིང་ནར་ནར་དུ་ཕྱུངས་ཤིག གལ་ཏེ་ཁོ་ཚོས་ཁྱོད་ལ། ཁྱོད་ཀྱིས་ཅིའི་ཕྱིར་ཤུགས་རིང་འབྱིན་ནམ་ཞེས་དྲིས་ན། ཁྱོད་ཀྱིས་ལན་དུ། མི་རེ་རེ་དཔའ་ཞུམ་ཅིང་། ལག་རྩ་ལྷོད་ནས་སེམས་ཤུགས་ཉམས་པ་དང་། དེ་དག་གི་པུས་མོ་ནི་ཆུ་བཞིན་སྟོབས་ཞན་པར་འགྱུར་བའི་མ་འོངས་འབྱུང་འགྱུར་གྱི་འཕྲིན་གྱི་དབང་གིས་ཤུགས་རིང་འབྱིན་པ་ཡིན། ལྟོས་དང་། དེ་ནི་ཡོང་གིན་འདུག་སྟེ། དོན་འདི་ནི་འགྲུབ་ངེས་ཡིན་ཞེས་གཙོ་བོ་ཡ་ཝཱེས་དེ་སྐད་གསུངས་ཞེས་སྨྲོས་ཤིག་ཅེས་གསུངས་སོ། ། ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་ལུང་བསྟན་ཏེ་འདི་ལྟར། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། རལ་གྲི་ཞིག་ཡོད་དེ། བརྡར་ནས་རྣོ་ཕྱུང་བའི་རལ་གྲི་ཞིག་ཡོད་པ་དེ་ནི་འོད་བཏོན་པའི་རལ་གྲིའོ། ། 10 བརྡར་ནས་རྣོ་ཕྱུང་བ་ནི་སྲོག་གཅོད་པའི་ཕྱིར་ཡིན་ལ། འོད་བཏོན་པ་ནི་འོད་འཕྲོ་བའི་ཆེད་དུ་ཡིན་ནོ། །ངེད་རྣམས་ཅི་ལྟར་དགའ་བར་འགྱུར་རམ། ངའི་བུ་ཡིས་གཅུན་བྱེད་ཀྱི་དབྱུག་པ་དང་བསླབ་བྱ་ཀུན་ལ་མཐོང་ཆུང་བྱས་སོ། ། 11 རལ་གྲི་འདི་ནི་མི་ལ་འོད་འདོན་པར་སྤྲད་པས་ན་ལག་པར་ཐོགས་ནས་བཀོལ་ཆོག་པ་དང་། རལ་གྲི་འདི་ནི་བརྡར་ནས་རྣོ་ཕྱུང་བ་དང་འོད་བཏོན་པ་ཡིན་པས་སྲོག་ལེན་མཁན་གྱི་ལག་ཏུ་སྤྲད་ཆོག་ཅེས་གསུངས་སོ་ཞེས་སྨྲོས་ཤིག 12 ཀྱེ་མིའི་བུ། ཁྱོད་ཀྱིས་སྐད་རྒྱོབ་ཅིག ངུ་འབོད་བྱོས་ཤིག གང་ལ་ཞེ་ན། རལ་གྲི་འདི་ནི་ངའི་འབངས་མི་དང་ཡེས་ར་ཨེལ་གྱི་འགོ་དཔོན་ཐམས་ཅད་ཀྱི་སྟེང་དུ་འབབ་པར་འགྱུར་ཞིང་། ཁོ་ཚོ་དང་ངའི་མི་ཐམས་ཅད་རལ་གྲིའི་འོག་ཏུ་གཏོད་རྒྱུ་ཡིན་པས། ཁྱོད་ཀྱིས་བྲང་ཁ་རྡུངས་ *འདིར་བྲང་ཁ་རྡུང་བ་ནི་ཡིད་ཤིན་ཏུ་སྐྱོ་བའི་དོན་ལ་འཇུགལ་སྐྱོ་བའི་དབུགས་རིང་ཕྱུངས་ཤིག 13 གང་ལ་ཞེ་ན། ཚོད་བགམ་ནི་འོང་ངེས་ཡིན་ཏེ། ཁྱོད་ཀྱིས་ཅིའི་ཕྱིར་གཅུན་བྱེད་ཀྱི་དབྱུག་པར་མཐོང་ཆུང་བྱེད་དམ། དོན་འདི་ནི་འགྲུབ་པའི་དཔེ་མི་སྲིད་ཅེས་གཙོ་བོ་ཡ་ཝཱེས་གསུངས། 14 ཀྱེ་མིའི་བུ། ཁྱོད་ཀྱིས་ལག་པ་བརྡབས་ནས་ལུང་སྟོན་ཅིག སྲོག་གཅོད་པའི་རལ་གྲི་འདི་ཡང་དང་ཡང་དུ་སྤྱད་དེ། ཤི་རྨས་ཆེན་པོ་ཐེབས་པའི་རལ་གྲི་འདི་ཡིས་དེ་རྣམས་བསྐོར་ཞིག་དང་། 15 དེ་དག་སེམས་འཁྲུགས་ནས་མི་མང་པོ་སར་འགྱེལ་ལོ། །ངས་ཁོ་ཚོའི་མཁར་སྒོ་ཡོངས་སུ་སྲོག་ལེན་མཁན་མངགས་ཏེ། ཀྱེ་ཀྱེ། རལ་གྲི་འདི་ལས་འོད་འཕྲོ་ཞིང་བརྡར་ནས་ཤིན་ཏུ་རྣོ་བས་སྲོག་བླངས་ཆོག་ཆོག་ཡིན། 16 ཀྱེ་རལ་གྲི་ལགས། གཡས་ཕྱོགས་སུ་སྲོག་ཆོད་ཅིག གཡོན་ཕྱོགས་སུ་སྣུན་ཞིག ཁྱོད་ཕྱོགས་གང་དུ་འཁོར་ན་དེ་རུ་སྲོག་ལོངས་ཤིག 17 ངས་ཀྱང་ལག་པ་བརྡབས་ནས་རང་གི་ཁོང་ཁྲོ་ཞི་བར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་དེ་སྐད་གསུངས་ཞེས་གསུངས་སོ། །
པཱ་པེལ་ལོན་གྱི་རྒྱལ་པོའི་རལ་གྲི།
18 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ང་ལ་བྱུང་སྟེ་འདི་སྐད་དུ། 19 ཀྱེ་མིའི་བུ། པཱ་པེལ་ལོན་གྱི་རྒྱལ་པོའི་རལ་གྲི་འོང་བའི་ཆེད་དུ། ཁྱོད་ཀྱིས་ལམ་གཉིས་ལ་རྟགས་རྒྱོབ་ཅིག ལམ་དེ་གཉིས་ནི་ཡུལ་གཅིག་ནས་འོངས་ཏེ། ཁྱོད་ཀྱིས་གྲོང་ཁྱེར་ནང་དུ་འགྲོ་བའི་ལམ་ཁར་ཐོ་སློངས་ཤིག 20 ཁྱོད་ཀྱིས་ལམ་གཅིག་ལ་རྟགས་བརྒྱབ་ནས་རལ་གྲི་ཨམ་མོན་པའི་རབ་བཱ་བྱ་བའི་སྟེང་དུ་འབབ་པར་བྱེད་པ་དང་། ཡང་ལམ་གཞན་ཞིག་ལ་རྟགས་བརྒྱབ་ནས་རལ་གྲི་ཡ་ཧུ་དཱའི་སྟེང་དུ་འབབ་པར་བྱས་ནས་མཁར་བརྟན་པོ་ཡེ་རུ་སཱ་ལེམ་ལ་རྒོལ་བར་གྱུར་ཅིག 21 གང་ལ་ཞེ་ན། པཱ་པེལ་ལོན་གྱི་རྒྱལ་པོ་ལམ་ཁར་ལངས་བསྡད་དེ། ལམ་གཉིས་ཀྱི་ལམ་མདོ་རུ་མོ་འདེབས་ཤིང་། མདའ་ཡིས་རྒྱན་ལེན་པ་དང་སྐུ་འདྲར་ཞུ་བ། སྲོག་ཆགས་ཀྱི་མཆིན་པར་བརྟག་པ་བཅས་བྱེད་དོ། ། 22 ཁོང་གི་ལག་པ་གཡས་པར་ཡེ་རུ་སཱ་ལེམ་གྱི་མཚན་བཟུང་ནས། གནས་དེ་རུ་གྲོང་ཁྱེར་ལ་རྒོལ་བའི་ཐོ་བ་ཆེན་པོ་བཙུགས་ཏེ་དམར་གསོད་བྱེད་པའི་བཀའ་འབབ་པ་དང་། ངར་སྐད་ཆེན་པོ་སྒྲོག་པ་དང་། གྲོང་ཁྱེར་ལ་རྒོལ་བའི་ཐོ་བ་ཆེན་པོ་བཙུགས་ཏེ། མཁར་སྒོ་ལ་དཔུང་འཇུག་བྱེད་ཅིང་། ས་རགས་བརྒྱབ་སྟེ་གྲོང་ཁྱེར་བསྐོར་བའི་མཁར་མཐོན་པོ་བརྩིགས་སོ། ། 23 སྔར་པཱ་པེལ་ལོན་ལ་སྲི་ཞུ་བསྒྲུབ་པར་མནའ་བསྐྱལ་བའི་ཡ་ཧུ་དཱ་པ་རྣམས་ཀྱིས་བལྟས་ན་འདི་ནི་མོ་རྫུས་མ་ཞིག་ཡིན་ནའང་། པཱ་པེལ་ལོན་གྱི་རྒྱལ་པོས་དེ་དག་ལ་རང་གི་སྡིག་པ་དྲན་དུ་བཅུག་ནས་ཁོ་རྣམས་བཙོན་དུ་འཁྲིད་པར་འགྱུར་རོ། ། 24 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོའི་ཉེས་སྐྱོན་རྣམས་མངོན་པར་གྱུར་ཏེ། ཁྱོད་ཚོའི་སྡིག་པ་ནི་རང་གི་སྤྱོད་ལམ་མཐའ་དག་བརྒྱུད་ནས་མི་ཡིས་མཐོང་ཞིང་། ཐ་ན་ཁྱོད་ཚོའི་སྡིག་པ་རྣམས་ཀྱང་དྲན་པར་འགྱུར་རོ། །ཁྱོད་རྣམས་དྲན་པར་གྱུར་པས་མི་ཡི་ལག་པས་བཙོན་དུ་འཁྲིད་པར་འགྱུར། 25 ཀྱེ་འཆི་བར་འོས་པ་དང་ངན་པ་ཡིན་པའི་ཡེས་ར་ཨེལ་གྱི་རྒྱལ་པོ་ཁྱོད་ཀྱི་དུས་ལ་སླེབས་ཤིང་། མཇུག་མཐའི་ཉེས་ཆད་གཅོད་པའི་དུས་ལ་སླེབས་སོ་ཞེས་གསུངས། 26 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་མགོ་རས་བླངས་ཏེ་ཅོད་པན་ཕུད་ཅིག ད་ལྟ་གནས་ཚུལ་མི་འདྲ་སྟེ། གཉོམ་ཆུང་རྣམས་མཐོན་པོར་འགྱུར་ཞིང་། མཐོན་པོ་རྣམས་དམའ་བར་འགྱུར་རོ། ། 27 ཕམ་པར་རྒྱོབ། ཕམ་པར་རྒྱོབ། ངས་ཡུལ་འདི་ཕམ་པར་རྒྱག་ཅིང་། དབང་སྒྱུར་མཁན་དེ་འོངས་ནས་ངས་ཡུལ་འདི་ཁོ་ལ་གནང་བའི་བར་དུ། ཡུལ་འདི་ནི་ལུས་པར་མི་འགྱུར་ཞེས་གསུངས་སོ། །
ཨམ་མོན་པར་ཉེས་ཆད་གཅོད་པའི་རལ་གྲི།
28 ཀྱེ་མིའི་བུ། ཁྱོད་ཀྱིས་ཨམ་མོན་པ་དང་དེ་དག་གི་ངོ་ཚའི་སྐོར་ལ་འདི་ལྟར་ལུང་སྟོན་ཅིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་འདི་ལྟར། རལ་གྲི་ཞིག་ཡོད་དེ། སྲོག་གཅོད་པའི་ཕྱིར་དུ་རལ་གྲི་ཞིག་ཤུབས་ལས་ཕྱུང་ཡོད་ལ། བརླག་པར་བྱེད་པ་དང་འོད་འཕྲོ་བའི་ཆེད་དུ་འོད་བཏོན་ཡོད་ཅེས་སྨྲའོ། ། 29 མི་ཡིས་ཁྱོད་ཀྱི་དོན་དུ་མཐོང་བའི་ཞལ་གཟིགས་ནི་རྫུས་མ་ཡིན་པ་དང་། ཁྱོད་ཀྱི་ཆེད་དུ་བཏབ་པའི་མོ་ནི་རྫུས་མ་ཡིན་ལ། ཁྱོད་ནི་འཆི་འོས་པ་དང་ངན་པ་དེའི་མཇིང་པར་འགྱེལ་བར་འགྱུར་ལ། དེ་དག་ལ་ཉེས་ཆད་གཅོད་པའི་དུས་དེ་སླེབས་ཤིང་། མཇུག་མཐའི་ཉེས་ཆད་གཅོད་པའི་དུས་ལ་སླེབས་སོ། ། 30 རལ་གྲི་ཤུབས་ཀྱི་ནང་དུ་ཆུག ངས་ཁྱོད་རང་བཀོད་པའི་གནས་དང་། སྐྱེས་པའི་ཡུལ་དུ་ཁྱོད་ལ་ཉེས་ཆད་གཅོད་ངེས་ཡིན། 31 ངས་རང་གི་ཁོང་ཁྲོ་ཁྱོད་ཀྱི་སྟེང་དུ་བླུག་ཅིང་། ངའི་ཁོང་ཁྲོ་ཡི་མེ་ལྕེ་ཁྱོད་ཀྱི་སྟེང་དུ་གཏོར་ནས། ཁྱོད་ནི་བརླག་པར་གོམས་པའི་མི་གདུག་རྩུབ་ཅན་གྱི་ལག་ཏུ་གཏོད་པར་འགྱུར། 32 ཁྱོད་ནི་འབུད་ཤིང་དུ་བྱས་ནས་མེས་བསྲེག་པར་འགྱུར་ཞིང་། ཁྱོད་ཀྱི་ཁྲག་ནི་རང་གི་ཡུལ་དུ་བཞུར་བར་འགྱུར་ལ། ཁྱོད་ནི་སླར་ཡང་དྲན་པར་མི་འགྱུར་ཏེ། གང་ལ་ཞེ་ན། འདི་ནི་ཡ་ཝཱེ་བདག་གིས་སྨྲས་པས་སོ་ཞེས་པའོ་ཞེས་གསུངས་སོ། །

*ལེའུ་ཉེར་གཅིག་པ།:12 འདིར་བྲང་ཁ་རྡུང་བ་ནི་ཡིད་ཤིན་ཏུ་སྐྱོ་བའི་དོན་ལ་འཇུག