ལེའུ་ཉེར་གཉིས་པ།
ཡེ་རུ་སཱ་ལེམ་གྱི་སྡིག་སྤྱོད།
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་ཁྲིམས་ཆད་གཅོད་དམ། ཁྱོད་ཀྱིས་མིའི་ཁྲག་བཞུར་དུ་བཅུག་པའི་གྲོང་ཁྱེར་འདི་ལ་ཁྲིམས་ཆད་གཅོད་དམ། ཁྱོད་ཀྱིས་གྲོང་ཁྱེར་འདི་ལ་རང་གི་ཞེན་ལོག་གི་དོན་རྣམས་རྟོགས་པར་གྱིས་ཤིག ཁྱོད་ཀྱིས་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། གྲོང་ཁྱེར་འདིའི་ནང་དུ་མི་ལ་ཁྲག་བཞུར་དུ་བཅུག་པའི་དོན་ཡོད་པ་དང་། དེས་སྐུ་འདྲ་བཟོས་ནས་རང་ཉིད་བཙོག་པར་བྱས་པས། དེ་ལ་ཉེས་ཆད་གཅོད་པའི་དུས་དེ་སླེབས་སོ། ། ཁྱོད་ཀྱིས་མི་ལ་ཁྲག་བཞུར་དུ་བཅུག་པས་ཁྱོད་ཀྱིས་སྡིག་པ་བྱས་ཤིང་། ཁྱོད་ཀྱིས་སྐུ་འདྲ་བཟོས་པས་རང་ཉིད་བཙོག་པར་བཟོས་པ་ཡིན། དེ་བཞིན་ཁྱོད་ཀྱིས་རང་ཉིད་ལ་ཉེས་ཆད་ཕོག་པའི་དུས་དེ་སླེབས་ལ་ཉེ་བར་བྱས་ཤིང་། ལན་འཇལ་བའི་དུས་དེ་སླེབས་པར་བྱས་སོ། །ངས་ཁྱོད་ནི་མི་ཀུན་གྱིས་ངན་སྨྲས་བྱེད་ས་དང་། མི་ཀུན་གྱི་ཟུར་ཟའི་ཡུལ་དུ་འགྱུར་བར་བྱས། ཀྱེ་ཟང་ཟིང་ཅན་དང་ཀུ་ཅོ་སྒྲོག་པ། མིང་ནི་བཙོག་པར་བཟོས་པའི་གྲོང་ཁྱེར་ཁྱོད། ཁྱོད་དང་ཐག་ཉེ་རིང་གང་རུང་གིས་ཁྱོད་ལ་འཕྱ་བར་བྱེད་ཅིང་། ལྟོས་དང་། ཡེས་ར་ཨེལ་གྱི་འགོ་དཔོན་རྣམས་ཀྱིས་རང་གི་ནུས་པར་བརྟེན་ནས་ཁྱོད་ཀྱི་ནང་དུ་མི་ལ་ཁྲག་བཞུར་དུ་བཅུག་སྟེ། ཁྱོད་ཀྱི་ནང་དུ་ཕ་མར་མཐོང་ཆུང་བྱེད་མཁན་དང་། བྱེས་པ་རྣམས་ལ་གཉའ་གནོན་བྱེད་མཁན། དྭ་ཕྲུག་དང་ཡུགས་མོར་བརྙས་བཅོས་བྱེད་མཁན་བཅས་ཡོད་ལ། ཁྱོད་ཀྱིས་ངའི་རྫས་དམ་པར་མཐོང་ཆུང་བྱས་ཤིང་། ངའི་ངལ་གསོ་བའི་ཉིན་མོ་ཡང་ཁྱད་དུ་བསད། ཁྱོད་ཀྱི་ནང་དུ་ཕྲ་མ་བྱེད་མཁན་དང་གཞན་ལ་སྙོན་འཛུགས་མཁན་གྱི་མི་ཡོད་དེ། དེ་དག་གིས་མི་ལ་ཁྲག་བཞུར་དུ་བཅུག་སྟེ། ཁྱོད་ཀྱི་རི་རྣམས་སུ་མཆོད་རྫས་སྤྱད་ཅིང་། ཁྱོད་ཀྱི་ནང་དུ་ལོག་གཡེམ་བྱས་སོ། ། 10 ཁྱོད་ཀྱི་ནང་དུ་མ་གཡར་གྱི་ཁོག་སྨད་དམར་རྗེན་དུ་བཏོན་ནས་ཕ་ལ་བརྙས་བཅོས་གཏོང་མཁན་དང་། ཟླ་མཚན་འབབ་བཞིན་པའི་བུད་མེད་མི་གཙང་བ་དག་ལ་ངོ་ཚ་གཏོད་མཁན་ཡང་ཡོད་དོ། ། 11 ཁྱོད་ཀྱི་ནང་དུ་མི་འདི་ཡིས་ཁྱིམ་མཚེས་ཀྱི་ཆུང་མ་དང་ཞེན་ལོག་གི་དོན་སྤྱོད་པ་དང་། མི་དེ་ཡིས་ལོག་གཡེམ་སྤྱད་དེ་རང་གི་མནའ་མ་བཙོག་པར་བཟོ་བ་དང་། ད་དུང་རང་གི་ཕ་རྒྱུད་གཅིག་པའི་ལྕམ་སྲིང་ལ་བརྙས་བཅོས་བྱེད་མཁན་ཡང་ཡོད་དོ། ། 12 ཁྱོད་ཀྱི་ནང་དུ་མི་ཡིས་ལྐོག་རྔན་བླངས་ཏེ་མི་ལ་ཁྲག་བཞུར་དུ་འཇུག་མཁན་ཡོད་པ་དང་། ཁྱོད་ཀྱིས་མི་ལ་དངུལ་བུན་བཏང་ནས་སྐྱེད་ཀ་ལེན་པར་མ་ཟད་མང་པོ་བླངས་སོ། །ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ལ་བརྙས་བཅོས་དང་གཉའ་གནོན་བྱས་ནས་དེ་ལས་ལྐོག་ནོར་བླངས་ཏེ། ཁྱོད་ཀྱིས་ང་ནི་བརྗེད་པར་གྱུར་ཏོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 13 ལྟོས་དང་། ཁྱོད་ལ་ཐོབ་པའི་ལྐོག་ནོར་དང་། ཡང་ཁྱོད་ཀྱི་ནང་དུ་བཞུར་བའི་ཁྲག་གི་རྐྱེན་གྱིས་ངས་ལག་པ་བརྡབས་ཤིང་། 14 ངས་ཁྱོད་ལ་ཉེས་ཆད་གཅོད་པའི་དུས་སླེབས་ན་ཁྱོད་ཀྱི་སེམས་ཀྱིས་ད་དུང་བཟོད་ཐུབ་བམ། ཁྱོད་ཀྱི་ལག་པར་ད་དུང་ཤེད་ཡོད་དམ། ང་ཡ་ཝཱེས་ཅི་ཞིག་སྨྲས་པ་ཡིན་ན་དེ་བཞིན་དུ་བསྒྲུབ་ངེས་སོ། ། 15 ངས་ཁྱོད་ནི་ཡུལ་ཁམས་ཀུན་ཏུ་གཏོར་ཞིང་། མི་རྣམས་ཀྱི་ནང་ཁ་ཐོར་དུ་འགྲོར་བཅུག་སྟེ། ངས་ཁྱོད་ལས་མི་གཙང་བ་རྣམས་མེད་པར་བྱའོ། ། 16 ཁྱོད་ནི་མི་རིགས་ཀུན་གྱི་མིག་མདུན་དུ་བཙོག་པར་བྱེད་པའི་ཚེ། ཁྱོད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་གསུངས་ཞེས་པའོ་ཞེས་གསུངས་སོ། །
སྙིགས་རོ་ཞི་བར་འགྱུར་བའི་དཔེ།
17 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 18 ཀྱེ་མིའི་བུ། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ནི་ངའི་མིག་ནང་དུ་སྙིགས་རོར་གྱུར་ཅིང་། དེ་ཐམས་ཅད་ནི་མེ་ཐབ་ནང་གི་ལི་དང་། གཤའ་དཀར། ལྕགས། ཞ་ཉེ་བཅས་ཡིན་ལ། དངུལ་གྱི་སྙིགས་རོ་ཡིན་ནོ། ། 19 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་སྙིགས་རོར་གྱུར་ཟིན་པས། ལྟོས་དང་། ངས་ཁྱོད་ཅག་ཡེ་རུ་སཱ་ལེམ་གྱི་གྲོང་ཁྱེར་ནང་དུ་བསྡུ་བར་བྱ་སྟེ། 20 མི་ཡིས་དངུལ་དང་ཟངས། ལྕགས། ཞ་ཉེ། གཤའ་དཀར་བཅས་ནི་ཇི་ལྟར་མེ་ཐབ་ནང་དུ་བསྡུས་ཏེ་མེ་བཏང་ནས་དེ་རྣམས་བཞུ་བ་ཡིན་ན། ངས་ཀྱང་དེ་བཞིན་དུ་རང་གི་ཁོང་ཁྲོ་དང་ཁྲོ་གཏུམ་ཆེན་པོ་ནང་དུ་ཁྱོད་རྣམས་བསྡུས་ནས། གྲོང་ཁྱེར་ནང་དུ་བཞག་སྟེ་ཁྱོད་རྣམས་བཞུ་བར་བྱེད་དོ། ། 21 ངས་ཁྱོད་རྣམས་བསྡུས་ནས། ངའི་ཁོང་ཁྲོ་ཆེན་པོའི་མེ་དེ་ཁྱོད་ཅག་གི་སྟེང་དུ་བཏང་ན། ཁྱོད་རྣམས་ནི་གྲོང་ཁྱེར་ནང་དུ་བཞུ་བར་འགྱུར་རོ། ། 22 དངུལ་ཇི་ལྟར་མེ་ཐབ་ནང་དུ་བཞུ་བ་ཡིན་ན། ཁྱོད་རྣམས་ཀྱང་གྲོང་ཁྱེར་ནང་དུ་དེ་ལྟར་བཞུ་བར་འགྱུར་ཞིང་། དེ་ནས་ཁྱོད་ཚོས་ང་ཡ་ཝཱེས་རང་གི་ཁོང་ཁྲོ་ཆེན་པོ་ཁྱོད་ཅག་གི་སྟེང་དུ་བླུགས་པ་རྟོགས་པར་འགྱུར་ཞེས་པའོ་ཞེས་གསུངས་སོ། །
མི་རིགས་ཡོངས་ཀྱི་སྡིག་པ།
23 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 24 ཀྱེ་མིའི་བུ། ཁྱོད་ཀྱིས་ཡུལ་ཁམས་འདི་ལ། ཁོང་ཁྲོའི་དུས་སུ་ཁྱོད་ནི་མི་གཙང་བ་དང་སྦྲང་ཆར་མི་འབབ་པའི་ཡུལ་ཁམས་ཡིན་ཞེས་སྨྲོས་ཤིག 25 ང་རོ་འདོན་པའི་སེང་གེས་བརྔོན་རྫས་དབྲལ་བ་བཞིན་དུ། དེའི་ནང་དུ་ཡོད་པའི་ལུང་སྟོན་པས་ངོ་ལོག་བྱེད་ཅིང་། དེ་དག་གིས་མི་རྣམས་མིད་པ་དང་རྒྱུ་ནོར་དང་རིན་པོ་ཆེ་རྣམས་ཕྲོགས་ནས། དེའི་ནང་གི་ཡུགས་མོའི་གྲངས་ཀ་མང་དུ་སྤེལ་བར་འགྱུར། 26 ཡུལ་འདིའི་མཆོད་དཔོན་རྣམས་ཀྱིས་ངའི་བཀའ་ཁྲིམས་དང་འགལ་ཏེ། ངའི་རྫས་དམ་པ་རྣམས་མི་གཙང་བར་བྱས་ནས། དེ་དག་གིས་རྫས་དམ་པ་དང་རྫས་ཕལ་བའི་དབྱེ་བ་མི་འགེར་ཞིང་། མི་ལ་གང་ཞིག་གཙང་བ་དང་གང་ཞིག་མི་གཙང་བའི་དབྱེ་བ་ཇི་ལྟར་བཀར་བའི་བསླབ་བྱའང་མི་གནང་། ཡང་རང་གི་མིག་བསྒྲིབས་ནས་ངའི་ངལ་གསོ་བའི་ཉིན་མོར་ཁ་ཡ་མི་བྱེད་ཅིང་། ཐ་ན་ང་ནི་ཁོ་ཚོའི་ནང་དུ་ཁྱད་དུ་བསད་པ་ཡིན་ནོ། ། 27 དེའི་ནང་གི་འགོ་དཔོན་དག་གིས་ལྐོག་ནོར་འཐོབ་ཕྱིར་དུ། བརྔོན་རྫས་དབྲལ་བའི་འཕར་སྤྱང་བཞིན་དུ། མི་ལ་ཁྲག་བཞུར་དུ་འཇུག་པ་དང་མིའི་སྲོག་གཅོད་དོ། ། 28 ཡུལ་འདིའི་ལུང་སྟོན་པ་རྣམས་ཀྱིས་དེ་དག་གི་རྩིག་པར་དཀར་རྩི་བྱུགས་ཏེ། ཞལ་གཟིགས་རྫུས་མ་མཐོང་བ་དང་མི་ལ་མགོ་སྐོར་གཏོང་བའི་མོ་བཏབ་ནས་ན་རེ། གཙོ་བོ་ཡ་ཝཱེས་འདི་སྐད་གསུངས་ཞེས་ཟེར་ཞིང་། དོན་དངོས་སུ་དུས་དེར་དཀོན་མཆོག་ཡ་ཝཱེས་ཅི་ཡང་མ་གསུངས་སོ། ། 29 ཡུལ་འདིའི་མི་རྣམས་ཀྱིས་རྒྱུན་དུ་མི་ལ་བརྙས་བཅོས་བྱེད་པ་དང་། འཕྲོག་བཅོམ་བྱེད་པར་གོམས་ཏེ་ཉམ་ཐག་ཅན་དང་དབུལ་ཕོངས་ཅན་རྣམས་སྡུག་ལ་གཏོད་ཅིང་། ལུགས་དང་མི་མཐུན་པར་བྱེས་པ་རྣམས་ལ་བརྙས་བཅོས་བྱེད་དོ། ། 30 ཡང་ཡུལ་འདི་མེད་པར་མི་གཏོང་བའི་ཆེད་དུ། ངས་ཁོ་རྣམས་ལས་མཁར་གྱང་ཡང་བསྐྱར་རྩིག་མཁན་དང་། ཡུལ་འདིའི་ཞིག་རལ་དུ་གྱུར་པའི་གནས་སུ་ངའི་མདུན་ནས་ཡར་ལང་བའི་མི་ཞིག་བཙལ་མོད་གཅིག་ཀྱང་མ་རྙེད་དོ། ། 31 དེ་བས་ངས་རང་གི་ཁོང་ཁྲོ་དེ་དག་གི་སྟེང་དུ་བླུགས་ཏེ། ངའི་ཁོང་ཁྲོ་ཆེན་པོའི་མེ་ལྕེ་ཡིས་དེ་རྣམས་མེད་པར་བྱེད་པ་དང་། དེ་དག་གིས་ཅི་བྱས་ལ་རང་རང་གི་སྟེང་དུ་ལན་འཇལ་ལོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །