ལེའུ་ཉེར་གཅིག་པ།
པེན་ཡཱ་མེན་པ་རྣམས་ཀྱི་ཕྱིར་ཆུང་མ་བཀོད་སྒྲིག་བྱས་པ།
སྔར་ཡེས་ར་ཨེལ་པ་རྣམས་ཀྱིས་མཱས་ཟི་ཕཱ་རུ་འདི་ལྟར། ངེད་རྣམས་ལས་སུ་ཞིག་གིས་ཀྱང་རང་གི་བུ་མོ་པེན་ཡཱ་མེན་པ་རྣམས་ལ་མནའ་མར་མི་སྟེར་ཞེས་མནའ་བསྐྱལ་བ་རེད། ཡེས་ར་ཨེལ་པ་རྣམས་པེད་ཨེལ་དུ་འོངས་ཏེ། དགོང་མོའི་བར་དུ་དཀོན་མཆོག་གི་དྲུང་དུ་བསྡད་ཅིང་སྐད་ཆེན་པོས་ངུ་འབོད་བྱས་ཏེ་ན་རེ། ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལགས། ཡེས་ར་ཨེལ་གྱི་ཁྲོད་དུ་ཚོ་པ་གཅིག་ཆད་པའི་དོན་འདི་ཅིའི་ཕྱིར་བྱུང་ངམ་ཞེས་ཞུས་སོ། ། དེའི་ཕྱི་ཉིན་འབངས་རྣམས་ནངས་སྔ་མོ་ཡར་ལངས་ནས་དེར་མཆོད་ཁྲི་ཞིག་བརྩིགས་ཤིང་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏོ། ། ཡེས་ར་ཨེལ་པ་རྣམས་ཕན་ཚུན་ན་རེ། ཡེས་ར་ཨེལ་གྱི་ཚོ་པ་རྣམས་ལས་གང་ཞིག་མི་ཚོགས་དང་བཅས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཡར་མ་ཡོང་བ་ཡིན་ནམ་ཞེས་སྨྲས། སྔར་ཡེས་ར་ཨེལ་པ་རྣམས་ཀྱིས་མནའ་ཆེན་པོ་ཞིག་བསྐྱལ་བ་སྟེ། ཡར་མཱས་ཟི་ཕཱ་རུ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མི་ཡོང་བ་ཐམས་ཅད་ངེས་པར་གསོད་དགོས་ཞེས་སྨྲས་མྱོང་ངོ་། ། ཡེས་ར་ཨེལ་པ་རྣམས་ཀྱིས་རང་གི་སྤུན་པེན་ཡཱ་མེན་ལ་སྙིང་རྗེ་ནས་ན་རེ། ད་ལྟ་ཡེས་ར་ཨེལ་གྱི་ཁྲོད་དུ་ཚོ་པ་གཅིག་ཆད་པ་ཡིན། བདག་ཅག་གིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མནའ་བསྐྱལ་ནས། རང་ཅག་གི་བུ་མོ་རྣམས་ནི་ཅི་ནས་ཀྱང་པེན་ཡཱ་མེན་པ་རྣམས་ལ་མནའ་མར་མི་བརྫང་ཞེས་སྨྲས་པ་ཡིན་པས། ད་ལྟ་བདག་ཅག་གིས་ཅི་བྱས་ནས་ཁོ་རྣམས་ལས་ཤུལ་དུ་ལུས་པ་རྣམས་ལ་ཆུང་མ་ཡོད་པར་བྱའམ་ཞེས་སྨྲས། ཡང་ཕན་ཚུན་ན་རེ། ཡེས་ར་ཨེལ་གྱི་ཚོ་པ་རྣམས་ལས་སུ་ཞིག་མཱས་ཟི་ཕཱ་རུ་ཡར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མ་འོངས་པ་ཡིན་ནམ་ཞེས་དྲིས་ཤིང་། ལྟོས་དང་། གིལ་ཨད་ཀྱི་ཡཱ་བེ་སི་ནས་མི་གཅིག་ཀྱང་མི་ཚོགས་ཀྱི་ཁྲོད་དུ་མ་འོངས་པ་རྩད་ཆོད་པ་རེད། ཅི་ལ་ཞེ་ན། འབངས་རྣམས་ཀྱི་གྲངས་ཀ་ལེན་པའི་དུས་སུ། གིལ་ཨད་ཀྱི་ཡཱ་བེ་སིའི་མི་རྣམས་ལས་གཅིག་ཀྱང་དེར་མ་རྙེད་དོ། ། 10 དེ་ནས་མི་ཚོགས་ཀྱིས་མི་དཔའ་རྩལ་ཅན་ཆིག་ཁྲི་ཉིས་སྟོང་མངགས་ཏེ་ན་རེ། ཁྱོད་རྣམས་སོང་ལ་གིལ་ཨད་ཀྱི་ཡཱ་བེ་སིའི་མི་རྣམས་བུད་མེད་དང་བྱིས་པ་བཅས་ཐམས་ཅད་རལ་གྲིས་སོད་ཅིག 11 ཁྱོད་ཅག་གིས་འདི་ལྟར་བྱེད་དགོས་ཏེ། སྐྱེས་པ་དང་ཡང་སྐྱེས་པར་འགྲོགས་མྱོང་བའི་བུད་མེད་ཐམས་ཅད་ཚར་གཅོད་བྱེད་དགོས་ཞེས་སྨྲས་སོ། ། 12 དེ་ནས་ཁོ་རྣམས་ཀྱིས་གིལ་ཨད་ཀྱི་ཡཱ་བེ་སིའི་མི་རྣམས་ལས་མནའ་མར་ཕྱིན་མེད་པའི་ན་ཆུང་བུ་མོ་བཞི་བརྒྱ་རྙེད་ཅིང་། དེ་དག་ཀ་ན་ཨན་ཡུལ་གྱི་ཞི་ལོའི་དམག་སྒར་དུ་ཁྲིད་དོ། ། 13 མི་ཚོགས་ཡོངས་ཀྱིས་རིམ་མོན་བྲག་གི་པེན་ཡཱ་མེན་པ་རྣམས་ཀྱི་རྩར་མི་མངགས་ཏེ། དེ་རྣམས་ལ་འགྲིག་མཐུན་ཡོང་བའི་གཏམ་སྨྲས་པ་དང་། 14 དེའི་དུས་སུ་པེན་ཡཱ་མེན་པ་རྣམས་ཕྱིར་ལོག་ཅིང་། ཡེས་ར་ཨེལ་པས་ཡཱ་བེ་སི་གིལ་ཨད་ཀྱི་བུད་མེད་གསོན་པོར་ལུས་པ་རྣམས་དེ་དག་ལ་ཆུང་མར་བྱིན་ནའང་ད་དུང་མ་འདང་ངོ་། ། 15 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་ནང་དུ་ཚོ་པ་ཞིག་ཆད་པར་མཛད་པས། འབངས་རྣམས་ཀྱིས་པེན་ཡཱ་མེན་པ་རྣམས་ལ་སྙིང་རྗེ་བ་རེད། 16 མི་ཚོགས་ཁྲོད་ཀྱི་རྒན་པོ་རྣམས་ན་རེ། པེན་ཡཱ་མེན་པའི་ཁྲོད་ནས་བུད་མེད་རྣམས་མེད་པར་བྱས་པས། ངེད་ཅག་གིས་ཅི་ལྟར་བྱས་ནས་ཤུལ་དུ་ལུས་པ་དེ་རྣམས་ལ་ཆུང་མ་ཡོད་པར་བྱའམ་ཞེས་སྨྲས་པ་དང་། 17 ཡང་འདི་ལྟར་སྨྲས་པ་སྟེ། ཡེས་ར་ཨེལ་གྱི་ཁྲོད་ནས་ཚོ་པ་ཞིག་མེད་པར་མི་འགྲོ་བའི་ཕྱིར། པེན་ཡཱ་མེན་པ་བྲོས་ནས་ཐར་བ་རྣམས་ལ་ས་སྐལ་ཡོད་ན་འོས། 18 ཡིན་ནའང་ཡེས་ར་ཨེལ་པ་རྣམས་ཀྱིས་སྔར་མནའ་བསྐྱལ་ནས། རང་གི་བུ་མོ་པེན་ཡཱ་མེན་པ་རྣམས་ལ་ཆུང་མར་སྟེར་མཁན་ཡོད་ན་དེ་ལ་དམོད་མོ་ཐེབས་ངེས་ཡིན་ཞེས་སྨྲས་པས། བདག་ཅག་གིས་རང་གི་བུ་མོ་དེ་རྣམས་ལ་ཆུང་མར་སྟེར་མི་རུང་ཞེས་པར། 19 ཡང་ཁོ་རྣམས་ན་རེ། ལེ་བོ་ནཱའི་ལྷོ་ཕྱོགས་དང་། པེད་ཨེལ་གྱི་བྱང་ཕྱོགས། སི་ཀེམ་ལམ་ཆེན་ཤར་ཕྱོགས་ཀྱི་ཞི་ལོ་རུ་ལོ་རེ་བཞིན་དཀོན་མཆོག་ཡ་ཝཱེའི་དུས་ཆེན་ཡོད་ཅེས་སྨྲས་ཤིང་། 20 ཁོ་ཚོས་པེན་ཡཱ་མེན་པ་རྣམས་ལ་འདི་ལྟར། ཁྱོད་རྣམས་སོང་ལ་རྒུན་འབྲུམ་ར་བར་འཇབ་སྒུག་གྱིས་ཤིག 21 ལྟོས་དང་། གལ་ཏེ་ཞི་ལོའི་བུད་མེད་རྣམས་ཕྱི་རུ་ཐོན་ནས་ཞབས་བྲོ་འཁྲབ་པ་མཐོང་ན། རྒུན་འབྲུམ་ར་བ་ནས་ཕྱི་རུ་ཡོང་སྟེ་ཞི་ལོའི་བུད་མེད་རྣམས་ལས་རེ་རེས་ཆུང་མ་རེ་ཕྲོགས་ལ་པེན་ཡཱ་མེན་ཡུལ་དུ་ལོག་ཅིག 22 གལ་ཏེ་ཁོ་མོ་རྣམས་ཀྱི་ཕ་དང་ཡང་ན་སྤུན་རྣམས་ཡོང་ནས་ངེད་རྣམས་དང་ཚིག་རྩོད་བྱས་ན། ངེད་ཅག་གིས། ཁྱེད་རྣམ་པས་ངེད་ཅག་གི་ཆེད་དུ་འདི་རྣམས་ལ་ཐུགས་རྗེས་གཟིགས་རོགས། ཅི་ལ་ཞེ་ན། ངེད་ཅག་གིས་འཐབ་འཛིང་གི་དུས་སུ་ཁོ་རྣམས་ལ་ཆུང་མ་མ་རེག འདི་ནི་བུད་མེད་རྣམས་ཁྱེད་རྣམ་པས་དེ་དག་ལ་བྱིན་པ་མ་ཡིན་པས་ཁྱེད་རྣམ་པ་ཉེས་མེད་ཡིན་ཞེས་སྨྲ་བར་བྱ་ཞེས་བསྐུལ་ཏོ། ། 23 དེ་ནས་པེན་ཡཱ་མེན་པ་རྣམས་ཀྱིས་དེ་བཞིན་དུ་བྱས་ཤིང་། ཁོ་རྣམས་ཀྱི་གྲངས་ཀ་བཞིན་ཞབས་བྲོ་འཁྲབ་པའི་བུད་མེད་རྣམས་ལས་ཕྲོགས་ཡོང་སྟེ་ཆུང་མར་བླངས་པ་དང་། རང་གི་ས་སྐལ་དུ་ལོག་སྟེ་ཡང་བསྐྱར་གྲོང་ཁྱེར་རྣམས་བསྐྱར་གསོ་བྱས་ནས་བསྡད། 24 དེའི་དུས་སུ་ཡེས་ར་ཨེལ་པ་རྣམས་ཡུལ་དེར་བྲལ་ནས་ཕྱིར་རང་རང་གི་ཚོ་པ་དང་། རང་རང་གི་རིགས་རྒྱུད། རང་རང་གི་ས་སྐལ་དུ་ལོག 25 སྐབས་དེར་ཡེས་ར་ཨེལ་གྱི་ཁྲོད་དུ་རྒྱལ་པོ་མེད་ལ། མི་རེ་རེས་གང་འདོད་བཞིན་བྱས་སོ།། །།