ལེའུ་ཞེ་དྲུག་པ།
ཨེ་ཅིབ་སྐོར་གྱི་གཏམ།
1 རྒྱལ་ཁམས་རྣམས་ཀྱི་སྐོར་དུ་དཀོན་མཆོག་ཡ་ཝཱེ་ནས་ལུང་སྟོན་པ་ཡེ་རེམ་ཡཱ་ལ་བྱུང་བའི་བཀའ་ནི་འདི་ལྟ་སྟེ། 2 ཨེ་ཅིབ་ཀྱི་སྐོར་དང་ཨེ་ཅིབ་ཀྱི་རྒྱལ་པོ་ནེ་ཀོ་ཕཱར་ཨོལ་གྱི་དམག་དཔུང་གི་སྐོར་གླེང་ན། དམག་དཔུང་འདིས་ཕི་རཱད་གཙང་པོའི་འགྲམ་གྱི་ཀར་ཀེ་མི་སི་རུ་དམག་སྒར་བཙུགས་ཤིང་། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་གྱི་སྲིད་ལོ་བཞི་པར་དེ་ཕམ་པར་བརྒྱབ་པའོ། ། 3 ཁྱོད་རྣམས་ཀྱིས་ཕུབ་ཆེ་ཆུང་གཉིས་ཀ་གྲ་སྒྲིག་བྱོས་ལ་འཐབ་མོར་ཞུགས་ཤིག 4 ཤིང་རྟ་གྲ་སྒྲིག་བྱས་ནས་རྟ་ལ་ཞོན་དང་། ཁྲབ་རྨོག་གྱོན་ནས་ཡར་ལོངས་དང་། མདུང་རྡོར་ལ་གོ་ཁྲབ་གྱོན་ཞིག 5 ངས་དེ་དག་འཇིགས་ནས་ཕྱི་བསྣུར་སྟེག་པ་མཐོང་བ་ཅི་ཡིན་ནམ། དེ་དག་གི་དཔའ་བོ་རྣམས་ཕམ་པར་བརྒྱབ་ནས་མྱུར་དུ་བྲོས་ཏེ་ཁ་ཕྱིར་མི་འཁོར་ལ། ཕྱོགས་ཀུན་ཏུ་འཇིགས་སྐྲག་ཡོད་དོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 6 རྐང་པ་མྱུར་བ་རྣམས་འབྲོ་མི་ཐུབ་ལ། དཔའ་བོ་རྣམས་ཀྱང་ཐར་བར་མི་འགྱུར། ཁོ་རྣམས་བྱང་གི་ཕི་རཱད་གཙང་པོའི་འགྲམ་དུ་འདྲེད་ནས་འགྱེལ་བར་འགྱུར། 7 ནཱ་ཡོལ་གཙང་པོ་བཞིན་རྒྱས་ཤིང་། གཙང་པོའི་ཆུ་བཞིན་འཕྱུར་ནས་འོང་བ་འདི་སུ་ཡིན་ནམ། 8 ཨེ་ཅིབ་ནི་ནཱ་ཡོལ་གཙང་པོ་བཞིན་རྒྱས་ཤིང་། གཙང་པོའི་ཆུ་བཞིན་འཕྱུར་བ་དང་། མོ་ན་རེ། ང་ཡར་རྒྱས་ནས་ཡུལ་ཁམས་ཐམས་ཅད་འགེབ་པ་དང་། ངས་གྲོང་ཁྱེར་དང་དེའི་ནང་གི་མི་རྣམས་མེད་པར་བྱའོ་ཟེར། 9 ཀྱེ་རྟ་རྣམས་ཡར་སོང་དང་། ཀྱེ་ཤིང་རྟ་རྣམས་སྨྱོན་པ་བཞིན་རྒྱུགས་ཤིག ལག་ཏུ་ཕུབ་བཟུང་བའི་གུ་ཤ་པ་དང་ཕུ་ཏཱའི་དཔའ་བོ་རྣམས་དང་། གཞུ་འཐེན་མཁན་ལུ་དཱ་པ་རྣམས་མདུན་དུ་སྐྱོད་ཅིག 10 ཉིན་མོ་དེ་ནི་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་འཁོན་ལན་སློག་པའི་དུས་ཡིན་ཏེ། ཁོང་གིས་དགྲ་རྣམས་ལ་འཁོན་ལན་སློག་པར་འགྱུར་བ་དང་། རལ་གྲི་ཡིས་ཚིམ་པའི་བར་དུ་ཁྱུར་མིད་གཏོང་ཞིང་། སྐོམ་པ་སེལ་བའི་བར་དུ་ཁྲག་འཐུང་བར་འགྱུར། ཅི་ལ་ཞེ་ན། བྱང་ཕྱོགས་ཀྱི་ཕི་རཱད་གཙང་པོའི་འགྲམ་དུ། དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་དམར་མཆོད་ཀྱི་ཕྱུགས་རྣམས་བཤའ་བ་བཞིན་དུ་དགྲ་རྣམས་གསོད་དགོས་པས་སོ། ། 11 ཀྱེ་ཨེ་ཅིབ་ཀྱི་ན་ཆུང་བུ་མོ་ཁྱོད་གིལ་ཨད་དུ་སྤོས་དཀར་ལེན་དུ་སོང་ཞིག ཁྱོད་ཀྱིས་སྨན་མང་པོ་བསྟེན་ཡང་དོན་མེད་ཡིན་ལ་གསོ་བར་མི་འགྱུར་རོ། ། 12 ཡུལ་ཁམས་ཀུན་གྱིས་ཁྱོད་ཀྱི་ངོ་ཚ་ཐོས་ཤིང་། ཁྱོད་ཀྱིས་སྨྲེ་སྔགས་འདོན་པའི་སྒྲ་ནི་ས་གཞི་ཡོངས་ལ་ཁྱབ་པ་དང་། དཔའ་བོ་དང་དཔའ་བོ་ཐོགས་ནས་གཉིས་ཀ་མཉམ་དུ་ས་རུ་འགྱེལ་ཏོ། །
ནེ་བོ་ཀད་ནེ་ཙར་འཐབ་དུ་འོང་བ།
13 འདི་ནི་དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་ཡེ་རེམ་ཡཱ་ལ་གསུངས་པའི་བཀའ་ཡིན་ཏེ། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་འོངས་ནས་ཨེ་ཅིབ་ཡུལ་ལ་ཅི་ལྟར་རྒོལ་བར་འགྱུར་བའི་སྐོར་ལ་འདི་སྐད་དུ། 14 ཁྱོད་ཅག་གིས་ཨེ་ཅིབ་ཡུལ་དུ་ཁྱབ་བསྒྲགས་བྱོས་ལ་མིག་དོལ་དུ་ཀུན་ལ་སྒྲོགས་ཤིག ནོབ་དང་ཐ་ཕན་ཧེ་སི་རུ་གསལ་བསྒྲགས་གྱིས་ལ། དཔུང་བསྒྲིགས་ནས་དམག་རྒྱག་པར་གྲ་སྒྲིག་གྱིས་ཤིག ཅི་ལ་ཞེ་ན། རལ་གྲིས་ཁྱོད་ཀྱི་མཐའ་འཁོར་ནས་ཁྱུར་མིད་གཏོང་བའི་ཕྱིར་རོ་ཞེས་སྨྲོས་ཤིག 15 ཁྱོད་ཀྱི་དཔའ་བོ་རྣམས་སར་བཏུད་པ་ཅི་ཡིན་ནམ། དཀོན་མཆོག་ཡ་ཝཱེས་དེ་དག་བསྒྱེལ་བས་ཁོ་རྣམས་ཚུགས་མི་ནུས་སོ། ། 16 ཁོང་གིས་མི་མང་པོ་འགྱེལ་དུ་བཅུག་པ་དང་། དེ་དག་ན་རེ། ལོངས་ཤིག གཉའ་གནོན་གཏོང་བའི་རལ་གྲི་ལས་ཐར་བའི་ཕྱིར་བདག་ཅག་རང་གི་མི་རྣམས་དང་རང་གི་སྐྱེས་ཡུལ་དུ་འགྲོ་བར་བྱའོ་ཟེར་ཞིང་། 17 ཁོ་ཚོས་གནས་དེ་རུ་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་ནི་སྐད་ཅོར་ཙམ་ཡིན་ཏེ་ཁོས་རང་གི་གོ་སྐབས་ཤོར་ཟིན་ཞེས་འུར་རྒྱག་པ་ཡིན་ཞེས་གསུངས་སོ། ། 18 མཚན་ལ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཞེས་འབོད་པའི་རྒྱལ་པོས་འདི་སྐད་དུ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་འདི་ལྟར་མནའ་བསྐྱལ་བ་ཡིན་ཏེ། དགྲ་འོང་བའི་དུས་སུ་རི་རྒྱུད་ནང་གི་ཐ་པོར་དང་། མཚོ་འགྲམ་གྱི་ཀར་མེལ་བཞིན་ཡིན་ནོ། ། 19 ཀྱེ་ཨེ་ཅིབ་ཡུལ་དུ་སྡོད་པའི་མི་རྣམས། བཙོན་དུ་འཁྲིད་དུས་བཀོལ་བའི་དངོས་པོ་དག་གྲ་སྒྲིག་བྱོས་ཤིག ཅི་ལ་ཞེ་ན། ནོབ་ནི་ཞིག་རོར་ལུས་ནས་མེས་བསྲེག་པ་དང་སྡོད་མཁན་མེད་པར་འགྱུར་རོ། ། 20 ཨེ་ཅིབ་ནི་ཤ་ཤེད་རྒྱས་པའི་བ་གཞོན་དང་འདྲ་ཡང་། བྱང་ཕྱོགས་ནས་ཕྱུགས་སྦྲང་འོང་གིན་འདུག 21 དེའི་གླས་དམག་རྣམས་ནི་ཕྱུགས་རའི་ནང་གི་བ་ཕྲུག་ཤ་ཤེད་ཅན་དང་མཚུངས་མོད། དེ་དག་ཀྱང་མཉམ་དུ་ཁ་ཕྱིར་འཁོར་ནས་འབྲོ་ཞིང་ཚུགས་མི་ཐུབ། ཅི་ལ་ཞེ་ན། དེ་དག་ལ་བར་ཆད་འབྱུང་བའི་ཉིན་མོ་དང་ཉེས་ཆད་གཅོད་པའི་དུས་ནི་སླེབས་ཟིན་པའི་ཕྱིར་རོ། ། 22 དེས་འབྱིན་པའི་སྒྲ་ནི་སྦྲུལ་འགྲོ་བའི་སྒྲ་དང་མཚུངས་ལ། དགྲ་རྣམས་དཔུང་བསྒྲིགས་ཏེ་འོང་བ་དང་། ཤིང་གཅོད་མཁན་བཞིན་དུ་ལག་ལ་སྟ་རེ་ཐོགས་ནས་དེར་རྒོལ་བར་འགྱུར་རོ། ། 23 དེའི་ནགས་ཚལ་སྟུག་ཅིང་རྒྱུ་དཀའ་ཡང་དགྲ་ཡིས་ཤིང་རྣམས་གཅོད་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། ཅི་ལ་ཞེ་ན། དགྲ་ནི་ཆ་ག་འབུ་ལས་མང་ཞིང་བགྲང་གིས་མི་ལང་ངོ་། ། 24 ཨེ་ཅིབ་ཀྱི་བུ་མོ་ངོ་ཚར་གཏོད་ཅིང་བྱང་ཕྱོགས་པའི་ལག་ཏུ་སྤྲོད་པར་འགྱུར་ཞེས་གསུངས་སོ། ། 25 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག ངས་ནོ་གྲོང་ཁྱེར་གྱི་ལྷ་ཨ་མོན་དང་ཕཱར་ཨོལ་དང་། ཨེ་ཅིབ་དང་དེའི་ལྷ་རྣམས་དང་། ད་དུང་རྒྱལ་པོ་རྣམས་དང་། ཕཱར་ཨོལ་དང་དེ་ལ་བརྟེན་མཁན་རྣམས་ལ་ཡང་ཉེས་ཆད་གཅོད་པར་འགྱུར། 26 ངས་དེ་ཚོ་ནི་དེ་དག་གི་སྲོག་སྙེག་མཁན་ཏེ་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་དང་དེའི་འཁོར་གཡོག་རྣམས་ཀྱི་ལག་ཏུ་གཏོད་པར་བྱའོ། །ཡིན་ཡང་ཕྱིས་སུ་ཨེ་ཅིབ་ཡུལ་དུ་སྔོན་ལྟར་མི་རྣམས་གནས་པར་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 27 ཀྱེ་ངའི་ཞབས་ཕྱི་ཡ་ཀོབ་ཁྱོད་རང་མ་འཇིགས་ཤིག ཀྱེ་ཡེས་ར་ཨེལ་ཁྱོད་མ་དངངས་ཤིག ཅི་ལ་ཞེ་ན། ངས་རྒྱང་རིང་ཡུལ་ནས་ཁྱོད་སྐྱོབ་ཅིང་། བཙོན་དུ་ཁྲིད་པའི་ཡུལ་ནས་ཁྱོད་ཀྱི་བུ་རྒྱུད་རྣམས་སྒྲོལ་བར་བྱའོ། །དེ་ནས་ཡ་ཀོབ་ཕྱིར་ལོག་ངེས་ཤིང་། སེམས་བདེ་ལ་བབས་ནས་བག་ཕབ་ངང་སྡོད་པར་འགྱུར་ལ། སུས་ཀྱང་དེ་སྐྲག་པར་མི་བྱའོ། ། 28 ཀྱེ་ངའི་ཞབས་ཕྱི་ཡ་ཀོབ་ཁྱོད་རང་མ་འཇིགས་ཤིག ཅི་ལ་ཞེ་ན། ང་རང་ཁྱོད་དང་མཉམ་དུ་གནས་ཤིང་། ངས་ཁྱོད་ཅག་སྐྲོད་སའི་ཡུལ་གྱི་མི་རིགས་ཀུན་ཚར་བཅད་ནའང་ཁྱོད་རང་ཚར་གཅོད་པར་མི་བྱ། ངས་དྲང་གཞག་སྒོས་ཁྱོད་ལ་ཉེས་ཆད་གཅོད་པ་ལས། ཁྱོད་རྩ་བ་ནས་ཉེས་མེད་དུ་བརྩིས་པ་མིན་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །