ལེའུ་ཞེ་བདུན་པ།
ཕེ་ལེ་ཤེད་སྐོར་གྱི་གཏམ།
1 ཕཱར་ཨོལ་གྱིས་གཱ་ཟཱ་ལ་མ་རྒོལ་སྔོན་དུ། ཕེ་ལེ་ཤེད་པའི་སྐོར་ནས་ཡེ་རེམ་ཡཱ་ལ་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་བ་འདི་ལྟ་སྟེ། 2 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བྱང་ཕྱོགས་ནས་ཆུ་རྣམས་རྒྱས་ཏེ་ཆུ་རྒྱུན་དྲག་པོར་འགྱུར་བ་དང་། ཡུལ་ཁམས་དང་དེའི་ནང་ཡོད་པ་ཐམས་ཅད་དང་། གྲོང་ཁྱེར་དང་དེའི་ནང་གནས་པ་ཀུན་བསྣུབ་པར་འགྱུར་ཞིང་། མི་རྣམས་ཀྱིས་སྐད་རྒྱག་པ་དང་། ཡུལ་ཁམས་སུ་གནས་པའི་མི་རྣམས་ཀྱིས་ངུ་འབོད་བྱེད་པར་འགྱུར་རོ། ། 3 ཡང་དགྲ་རྣམས་ཀྱི་རྟ་མཆོག་གི་གོམ་སྒྲ་དང་། ཤིང་རྟ་རྒྱུག་པའི་སྒྲ་དང་། དེའི་འཁོར་ལོའི་སྒྲ་བྱུང་བ་ཙམ་གྱིས་ཕ་རྣམས་ཀྱི་ལག་རྩ་ལྷོད་ཅིང་། ཁ་ཕྱིར་འཁོར་ནས་རང་གི་བུ་ཕྲུག་ལ་ལྟ་སྐྱོང་མི་བྱེད་དོ། ། 4 ཅི་ལ་ཞེ་ན། དུས་དེ་སླེབས་ལ་ཉེ་སྟེ། དཀོན་མཆོག་ཡ་ཝཱེས་ཕེ་ལེ་ཤེད་པ་ཐམས་ཅད་འཇོམས་པར་མཛད་ཅིང་། ཐཱར་དང་ཚི་ཏུན་ལ་རྒྱབ་རོགས་བྱས་ནས་ཤུལ་དུ་ལུས་པ་དག་མེད་པར་གཏོང་བ་དང་། ཁོང་གིས་ཕེ་ལེ་ཤེད་པ་རྣམས་ཏེ་ཀབ་ཐོར་གྱི་གླིང་ཕྲན་དུ་ལུས་པའི་མི་རྣམས་འཇོམས་པར་འགྱུར། 5 གཱ་ཟཱ་ནི་སྐྱ་ཐེར་ཐེར་དུ་གྱུར་པ་དང་ཨ་ཤཱ་ཀེ་ལོན་ནི་འཇམ་ཐིང་ངེར་ལུས། ཀྱེ་ཐང་དུ་ལུས་པ་ཁྱོད་རྣམས་ཀྱིས་དུས་ནམ་ཞིག་གི་བར་དུ་རང་གི་ཤ་གཅོད་པར་བྱའམ། 6 ཀྱེ་དཀོན་མཆོག་ཡ་ཝཱེའི་རལ་གྲི་ལགས། ཁྱེད་ཀྱིས་དུས་ནམ་ཞིག་ལ་མཚམས་འཇོག་གམ། ཤུབས་ནང་ཞུགས་ལ་བདེ་བར་བཞུགས་དང་། 7 དཀོན་མཆོག་ཡ་ཝཱེས་དེར་ཨ་ཤཱ་ཀེ་ལོན་དང་རྒྱ་མཚོའི་འགྲམ་རྒྱུད་ལ་རྒོལ་བའི་བཀའ་བཀོད་ཅིང་། ཁོང་གིས་ཁྱེད་མངགས་པ་ཡིན་ན། ཁྱེད་ནི་ཅི་ལྟར་ཁུ་སིམ་པོར་གནས་སམ་ཞེས་གསུངས་སོ། །