ལེའུ་ཞེ་དགུ་པ།
ཨམ་མོན་སྐོར་གྱི་གཏམ།
1 ཨམ་མོན་པའི་སྐོར་ལ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡེས་ར་ཨེལ་ལ་བུ་མེད་དམ། དེ་ལ་བུ་རབས་ཚ་རྒྱུད་མེད་དམ། མིལ་ཀོམ་ *མིལ་ཀོམ་ཞེས་པ་ནི་ཨམ་མོན་གྱི་ལྷ་ཞིག་གི་མིང་ལ་འཇུགགྱིས་གཱ་རྡུ་ས་སྐལ་དུ་བླངས་པ་ཅི་ཡིན་ནམ། ཁོའི་མི་རྣམས་དེའི་གྲོང་ཁྱེར་ནང་དུ་སྡོད་པ་ཅི་ཡིན་ནམ། 2 ལྟོས་ཤིག དུས་དེ་སླེབས་ལ་ཉེའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ཏེ། ངས་མི་ལ་དམག་འཐབ་པའི་སྐད་སྒྲ་ཐོས་སུ་འཇུག་སྟེ། དེ་ནི་ཨམ་མོན་པའི་རབ་བཱ་ལ་རྒོལ་བའི་སྐད་སྒྲ་ཡིན་ལ། རབ་བཱ་ནི་དབེན་སྟོང་དུ་འགྱུར་ཞིང་། དེ་ལ་གཏོགས་པའི་གྲོང་ཁྱེར་དག་ནི་མེས་བསྲེག་པར་འགྱུར། དེ་སྔར་ཡེས་ར་ཨེལ་ནོར་སྐལ་དུ་འཛིན་མཁན་རྣམས་ནི་ད་ལྟ་ཡེས་ར་ཨེལ་གྱིས་ནོར་སྐལ་དུ་འཛིན་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 3 ཀྱེ་ཧེ་སི་པོན་ཁྱོད་ཀྱིས་འོ་དོད་བོས་ཤིག ཅི་ལ་ཞེ་ན། ཨེ་ཡུ་ནི་དབེན་སྟོང་དུ་གྱུར་པའོ། །ཀྱེ་རབ་བཱ་གྲོང་ཁྱེར་གྱི་བུ་མོ་རྣམས་ཀྱིས་སྐད་བརྒྱབ་ནས་རྐེད་པར་རྩིད་རས་གཡོགས་ཤིག སྨྲེ་སྔགས་འདོན་བཞིན་མཁར་གྱི་ནང་དུ་ཡར་རྒྱུག་མར་རྒྱུག་གྱིས་ཤིག ཅི་ལ་ཞེ་ན། མིལ་ཀོམ་དང་དེའི་མཆོད་དཔོན་དང་འགོ་དཔོན་རྣམས་མཉམ་དུ་བཙོན་དུ་འཁྲིད་འགྲོ་བའི་ཕྱིར་རོ། ། 4 ཀྱེ་བཀའ་དང་འགལ་བའི་མི་སྡེ་རྣམས། ཁྱོད་ཀྱིས་ཅིའི་ཕྱིར་ལུང་པ་ཡོད་པ་དང་། ཆུ་རྒྱུན་ཡོད་པའི་ལུང་པའི་ཕྱིར་དུ་ཁ་ཕོ་གཏོང་བ་ཡིན་ནམ། རང་གི་རྒྱུ་ནོར་ལ་བརྟེན་ནས་སུ་ཞིག་ངེད་ཀྱི་གནས་འདིར་སླེབས་ནུས་ཟེར་བ་ཅི་ཡིན་ནམ། 5 དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་མཐའ་འཁོར་གྱི་ཡུལ་ཁམས་རྣམས་ལས་ཁྱོད་ཀྱི་སྟེང་དུ་འཇིགས་སྐུལ་འདྲེན་ཞིང་། ཁྱོད་ཅག་སྐྲོད་པར་འགྱུར་ལ། མི་རེ་རེ་མདུན་དུ་བསྐྱོད་ཀྱང་བྲོས་བྱོལ་བ་རྣམས་སུས་ཀྱང་མི་བསྡུའོ། ། 6 ཡིན་ཡང་རྗེས་སུ་ངས་བཙོན་དུ་ཁྲིད་པའི་ཨམ་མོན་པ་རྣམས་ཕྱིར་ལོག་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
ཨེ་དོམ་སྐོར་གྱི་གཏམ།
7 ཨེ་དོམ་གྱི་སྐོར་ལ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཐེ་མཱན་གྱི་ནང་དུ་ཤེས་རབ་མི་ལྡན་ནམ། མཁས་པའི་ཐབས་ཇུས་དག་བཀོལ་ཚར་རམ། དེ་དག་གི་ཤེས་རབ་ཟད་སོང་བ་ཡིན་ནམ། 8 ཀྱེ་དེ་དན་གྱི་མི་རྣམས། ཁ་ཕྱིར་འཁོར་ནས་བྲོས་ཏེ་ཕུག་ཏུ་སྡོད་ཅིག ཅི་ལ་ཞེ་ན། ངས་ཨེ་སཱབ་ལ་ཉེས་ཆད་གཅོད་དུས་སུ་ཆག་སྒོ་དེའི་སྟེང་དུ་འབེབ་པར་བྱའོ། ། 9 ཇི་སྟེ་རྒུན་འབྲུམ་འཐོག་མཁན་ཁྱོད་ཀྱི་རྩར་འོངས་ན་དེ་རྣམས་ཀྱིས་རྒུན་འབྲུམ་ཁ་ཤས་བསྐྱུར་བ་མ་ཡིན་ནམ། ཡང་གལ་ཏེ་མཚན་མོར་རྐུན་མ་འོངས་ན། དེ་དག་གིས་ཅི་འདོད་པ་འབའ་ཞིག་རྐུ་བ་མ་ཡིན་ནམ། 10 འོན་ཀྱང་ངས་ཨེ་སཱབ་གཅེར་བུར་འདོན་ཞིང་དེའི་གསང་བའི་གནས་ནི་མངོན་པར་བྱེད་དེ། དེས་རང་ཉིད་སྦ་བར་མི་ནུས་ལ། དེའི་བུ་རབས་ཚ་རྒྱུད་དང་སྤུན་མཆེད། ཁྱིམ་མཚེས་དང་བཅས་མེད་པར་གྱུར་ནས། དེ་ཡང་ལུས་པར་མི་འགྱུར་རོ། ། 11 ཁྱོད་ཀྱིས་དྭ་ཕྲུག་རྣམས་བསྐྱུར་ཡང་ངས་དེ་དག་གི་ཚེ་སྲོག་བསྲུང་ཞིང་། ཁྱོད་ཀྱི་ཡུགས་མོས་ཀྱང་ང་ལ་བློ་གཏོད་རུང་བ་ཡིན་ཞེས་གསུངས་སོ། ། 12 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ཕོར་པ་དེ་ལས་འཐུང་མི་རུང་བ་དག་གིས་ཅི་ནས་ཀྱང་འཐུང་དགོས་ན། ཁྱོད་ནི་ཉེས་ཆད་ལས་ཐར་བར་འགྱུར་རམ་ཞེ་ན་ཐར་བར་མི་འགྱུར་ལ་ངེས་པར་འཐུང་དགོས་ཞེས་གསུངས། 13 ངས་རང་ཉིད་དཔང་དུ་བཙུགས་ནས་མནའ་སྐྱེལ་ཏེ། པོ་ཚ་རཱ་ལ་འཇིགས་སྣང་དང་ངོ་ཚ། དམོད་མོ་བཅས་ཐེབས་ཤིང་རྩ་བ་ནས་སྟོང་བར་འགྱུར་ལ། དེའི་གྲོང་ཁྱེར་ཐམས་ཅད་དུས་གཏན་དུ་ཞིག་རོར་ལུས་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 14 ངས་དཀོན་མཆོག་ཡ་ཝཱེ་ལས་གསུང་འཕྲིན་ཞིག་ཐོས་ཏེ། ཕོ་ཉ་ཞིག་མི་རིགས་དེ་དག་གི་ཁྲོད་དུ་མངགས་ཤིང་དེ་དག་ལ་ན་རེ། ཁྱོད་ཅག་འདུས་ནས་ཨེ་དོམ་ལ་རྒོལ་བར་སོང་ཞིག འཐབ་མོར་ལོངས་ཤིག་ཅེས་སྦྲན་ནོ། ། 15 ལྟོས་ཤིག བདག་གིས་མི་རིགས་རྣམས་ཀྱི་ཁྲོད་ནས་ཁྱོད་ནི་ཆུང་བར་བྱ་ཞིང་། མི་རྣམས་ཀྱི་ཁྲོད་ནས་ཁྱོད་ལ་མཐོང་ཆུང་བྱེད་པར་འགྱུར། 16 ཀྱེ་བྲག་སྲུབ་ཏུ་གནས་ཤིང་རི་མགོ་འཛིན་པ་ཁྱོད་ཀྱིས་རང་གི་རྔམ་བརྗིད་དང་སེམས་ཀྱི་ང་རྒྱལ་གྱི་ཕྱིར་རང་མགོ་རང་གིས་གཡོགས་པ་དང་། ཁྱོད་ཀྱིས་བྱ་རྒོད་བཞིན་དུ་མཐོ་སར་ཚང་བཅས་ཀྱང་། ངས་ཁྱོད་དེ་ནས་མར་འབེབ་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 17 ཡང་ཨེ་དོམ་ནི་འཇིགས་པའི་གནས་སུ་གྱུར་ཏེ། ཡུལ་དེ་བརྒྱུད་ནས་འགྲོ་མཁན་རྣམས་དེའི་ཆག་སྒོའི་ཕྱིར་དུ་སྐྲག་ཅིང་འཕྱ་དགོད་བྱེད་པར་འགྱུར། 18 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་ནི་སཱ་དོམ་དང་གཱ་མོ་ར་དང་། དེའི་ཉེ་འདབས་ཀྱི་གྲོང་ཁྱེར་རྣམས་དང་འདྲ་བར་ཕམ་པར་བཟོ་ཞིང་། སུ་ཡང་དེ་རུ་མི་གནས་ཤིང་། སུ་ཡང་དེར་བྱེས་སུ་སྡོད་པར་མི་འགྱུར་ཞེས་གསུངས། 19 ལྟོས་ཤིག སེང་གེ་ཇི་ལྟར་ཡོར་དན་གཙང་པོ་འགྲམ་གྱི་ནགས་ཚལ་ནས་ཐོན་ཏེ་གནས་ཡུལ་བརྟན་པོར་རྒོལ་བ་བཞིན། ངས་ཨེ་དོམ་པ་ནི་སྐད་ཅིག་ཙམ་ལ་གནས་འདི་ལས་སྐྲོད་པར་བྱའོ། །ངས་སུ་ཞིག་བདམས་པ་ཡིན་ན་དེ་མངགས་ནས་ཡུལ་ཁམས་འདི་སྐྱོང་བར་བྱ་སྟེ། ང་དང་འདྲ་བ་སུ་ཡོད་དམ། སུ་ཞིག་གིས་ང་ཁྲིམས་སར་བོས་ནས་འདྲི་གཅོད་བྱེད་ནུས་སམ། ངའི་མདུན་དུ་འགྲེང་ནུས་པའི་རྫི་བོ་སུ་ཡོད་དམ་ཞེས་གསུངས་སོ། ། 20 དེའི་ཕྱིར། དཀོན་མཆོག་ཡ་ཝཱེའི་ཨེ་དོམ་ལ་རྒོལ་བའི་ཐབས་ཇུས་དང་། ཐེ་མཱན་གྱི་ཡུལ་མི་རྣམས་ལ་རྒོལ་བའི་ཐུགས་དགོངས་ལ་ཁྱོད་རྣམས་ཀྱིས་ཉོན་དང་། དགྲ་བོས་དེ་དག་གི་ལུག་ཁྱུ་ནང་གི་ཉམས་ཆུང་དག་འདྲུད་པར་འགྱུར་ཞིང་། དེ་དག་གི་རྩྭ་ས་ཡང་དབེན་སྟོང་དུ་འགྱུར་རོ། ། 21 དེ་དག་འགྱེལ་བའི་སྒྲ་ཡིས་ས་གཞི་འདར་ཞིང་། འོ་དོད་འདོན་པའི་སྒྲ་ནི་རྒྱ་མཚོ་དམར་པོ་ནས་ཀྱང་ཐོས་པར་འགྱུར་རོ། ། 22 ལྟོས་ཤིག དགྲ་བོ་ནི་བྱ་རྒོད་ལྟར་འཕུར་བ་དང་། གཤོག་ཟུང་བརྐྱངས་ནས་པོ་ཚ་རཱ་ལ་རྒོལ་ཞིང་། ཉིན་མོ་དེར་ཨེ་དོམ་གྱི་དཔའ་བོའི་སེམས་སུ་དངངས་སྐྲག་སྐྱེས་ནས་སྐྱེ་གཟེར་རྒྱག་པའི་བུད་མེད་དང་འདྲའོ། །
དཱ་མེ་སེག་སྐོར་གྱི་གཏམ།
23 དཱ་མེ་སེག་གི་སྐོར་གླེང་ན། ཧ་མཱད་དང་ཨར་ཕད་གཉིས་ལ་ངོ་ཚ་ཐེབས་པ་ཡིན་ཏེ། ཅི་ལ་ཞེ་ན། དེ་དག་གིས་གཏམ་ངན་ཐོས་པས་དཔའ་ཞུམ་པ་དང་། སེམས་ཁྲལ་ནི་རྒྱ་མཚོའི་རྦ་རླབས་བཞིན་དུ་ཞི་བ་མེད་དོ། ། 24 དཱ་མེ་སེག་རྒུད་ནས་ཁ་ཕྱིར་འཁོར་ཏེ་བྲོས་པ་དང་། འདར་ཞུམ་དང་སྡུག་བསྔལ། སེམས་ཁྲལ་བཅས་ཀྱིས་དེ་བཟུང་ཞིང་སྐྱེ་གཟེར་རྒྱག་པའི་བུད་མེད་དང་འདྲའོ། ། 25 ང་རང་དགའ་ཞིང་བསྟོད་བསྔགས་བརྗོད་པའི་གྲོང་ཁྱེར་ནི་ད་དུང་མ་དོར་བ་ཅི་ཡིན་ནམ། 26 དེའི་དར་མ་རྣམས་ནི་ཐང་ཆེན་དུ་འགྱེལ་བ་དང་། ཉིན་མོ་དེ་ལ་དམག་མི་ཐམས་ཅད་གྲགས་འགུལ་མེད་པར་འགྱུར་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 27 ཡང་ངས་དཱ་མེ་སེག་གི་མཁར་རྣམས་ལ་མེ་སྦར་བ་དང་། དེས་པེན་ཧ་དཱད་ཀྱི་ཕོ་བྲང་རྣམས་ཁྱུར་མིད་གཏོང་བར་འགྱུར་རོ། །
ཀེ་དར་དང་ཧ་ཟོར་སྐོར་གྱི་གཏམ།
28 པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་རྒོལ་བའི་ཀེ་དར་དང་ཧ་ཟོར་གྱི་རྒྱལ་ཕྲན་རྣམས་ཀྱི་སྐོར་ལ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀྱེ་ཀལ་དི་པ་ཁྱོད་རྣམས་ཡར་ལངས་ནས་ཀེ་དར་ལ་སོང་ཞིག ཤར་ཕྱོགས་པ་རྣམས་མེད་པར་བཟོས་ཤིག 29 མི་ཡིས་དེ་རྣམས་ཀྱི་གུར་དང་ལུག་ཁྱུ་རྣམས་འཕྲོག་ཅིང་། མི་ཡིས་དེ་དག་གི་ཡོལ་བ་དང་ཡོ་བྱད་ཐམས་ཅད་དང་། རྔ་མོང་རྣམས་བདག་གིར་འཛིན་པར་འགྱུར་ལ། ཡང་མི་ཡིས་དེ་དག་གི་ཕྱོགས་སུ་ཀི་བཏབ་ནས་ན་རེ། ཕྱོགས་བཞི་རུ་འཇིགས་པ་ཡོད་དོ་ཞེས་ཟེར་རོ། ། 30 ཀྱེ་ཧ་ཟོར་གྱི་ཡུལ་མི་ཁྱོད་རྣམས་རྒྱང་རིང་ཡུལ་དུ་བྲོས་ལ་ཕུག་ཏུ་སྡོད་ཅིག ཅི་ལ་ཞེ་ན། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་ཇུས་ངན་བཀོད་དེ་ཁྱོད་ལ་གནོད་བསྐྱལ་བ་དང་། ཁྱོད་ལ་རྒོལ་བར་བསམ་མོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 31 ཀྱེ་ཀལ་དི་པ་ཁྱོད་རྣམས་ཡར་ལོངས་ཤིག བློ་བདེ་བག་ཕེབས་ངང་སྡོད་པའི་ཡུལ་མི་རྣམས་ཀྱི་རྩར་སོང་ཞིག དེ་དག་ལ་རྒྱ་སྒོ་དང་སྒོ་གཏན་མེད་པར་གཅིག་པུར་གནས་སོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 32 དེ་དག་གི་རྔ་མོང་རྣམས་བཅོམ་ནོར་དུ་འགྱུར་ཞིང་། དེ་དག་གི་སྒོ་ཕྱུགས་གྲངས་མེད་འཕྲོག་པར་འགྱུར། ཡང་ངས་ཡ་ཐོད་ཀྱི་སྐྲ་གཞར་མཁན་དེ་རྣམས་ཕྱོགས་བཞིར་གཏོར་ཞིང་། ཆག་སྒོ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་དེ་དག་གི་སྟེང་དུ་འབེབ་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 33 ཧ་ཟོར་ནི་ཁྱི་སྤྱང་གནས་སར་གྱུར་ཏེ་གཏན་དུ་སྟོངས་ཤིང་། སུ་ཡང་དེར་མི་གནས་ལ། དེར་བྱེས་སུ་སྡོད་མཁན་ཡང་ཡོད་མི་སྲིད་དོ། །
ཨེ་ལཱམ་སྐོར་གྱི་གཏམ།
34 ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱས་སྲིད་སྐྱོང་བའི་ཐོག་མར། ཨེ་ལཱམ་གྱི་སྐོར་ལ་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 35 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཨེ་ལཱམ་པའི་གཞུ་གཅོག་པར་བྱེད་ཅིང་། དེ་ནི་ཁོ་ཚོས་འཐབ་འཛིང་བྱེད་པའི་གཙོ་ཤུགས་ཡིན། 36 ཡང་ངས་ནམ་མཁའི་ཕྱོགས་བཞི་ནས་རླུང་བཞི་ཨེ་ལཱམ་གྱི་སྟེང་དུ་དྲངས་ནས་དེ་དག་ཕྱོགས་བཞི་རུ་གཏོར་བར་བྱེད་ཅིང་། ཕྱི་རུ་བསྐྲད་པའི་ཨེ་ལཱམ་པ་རྣམས་མི་སླེབས་པའི་ཡུལ་ཁམས་གཅིག་ཀྱང་མེད་དོ། ། 37 ཡང་ངས་ཨེ་ལཱམ་པ་རྣམས་རང་གི་དགྲ་ཟླ་རྣམས་དང་དེ་དག་གི་སྲོག་སྙེག་མཁན་རྣམས་ཀྱི་མདུན་དུ་འཇིགས་པར་བྱེད་ཅིང་། དེ་དག་གི་སྟེང་དུ་ཆག་སྒོ་སྟེ་ངའི་ཁྲོ་གཏུམ་དྲག་པོ་འབེབ་པར་བྱའོ། །ཡང་ངས་དེ་རྣམས་ཚར་མ་བཅད་བར་དུ་དེ་དག་རལ་གྲིས་འདེད་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 38 ངས་རང་གི་རྒྱལ་ཁྲི་ཨེ་ལཱམ་དུ་འགོད་ཅིང་། དེ་རུ་རྒྱལ་པོ་དང་འགོ་དཔོན་རྣམས་མེད་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 39 འོན་ཀྱང་མཐའ་མའི་ཉིན་མོ་དག་ལ་ངས་ཨེ་ལཱམ་གྱི་བཙོན་དུ་ཁྲིད་པ་རྣམས་ཕྱིར་ལོག་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །