ལེའུ་ལྔ་བཅུ་པ།
པཱ་པེལ་ལོན་བཙན་འཛིན་བྱས་པ།
1 པཱ་པེལ་ལོན་དང་ཀལ་དི་པའི་ཡུལ་ཁམས་ཀྱི་སྐོར་ལ་དཀོན་མཆོག་ཡ་ཝཱེས་ཡེ་རེམ་ཡཱ་བརྒྱུད་ནས་འདི་སྐད་དུ། 2 ཁྱོད་རྣམས་ཀྱིས་ཡུལ་ཁམས་རྣམས་ཀྱི་ནང་དུ་འདི་ལྟར་སྒྲོགས་ཤིག རྒྱལ་མཚན་བསྒྲེངས་ནས་སྦ་གསང་མེད་པར་འདི་ལྟར་སྒྲོགས་ཤིག པཱ་པེལ་ལོན་ནི་བཙན་འཛིན་བྱེད་ཅིང་པེལ་ལ་ངོ་ཚ་ཐེབས་པ་དང་། མེ་རོ་དག་ནི་འཇིགས་པར་གྱུར། པཱ་པེལ་ལོན་གྱི་རྟེན་རྣམས་སྐྱེངས་ཤིང་མོའི་སྐུ་འདྲ་རྣམས་ཀྱང་འཇིགས་པར་གྱུར། 3 ཅི་ལ་ཞེ་ན། བྱང་ཕྱོགས་ནས་མི་རིགས་ཤིག་དེར་རྒོལ་དུ་འོང་གིན་འདུག དེས་ཁོའི་ཡུལ་ཁམས་སྟོངས་སུ་བཅུག་སྟེ། མི་གཅིག་ཀྱང་གནས་པར་མི་འགྱུར་ལ། མི་ཕྱུགས་གཉིས་ཀ་བྲོས་འགྲོའོ་ཞེས་གསུངས་སོ། ། 4 ཡང་ཉིན་དེ་དང་དུས་དེ་ལ་ཡེས་ར་ཨེལ་པ་རྣམས་ནི་ཡ་ཧུ་དཱ་པ་རྣམས་དང་མཉམ་དུ་འོང་བར་འགྱུར་ལ། དེ་དག་ངུ་ཞོར་དུ་སོང་ནས་རང་གི་དཀོན་མཆོག་ཡ་ཝཱེ་འཚོལ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 5 དེ་དག་ཛ་ཡན་གྱི་ཕྱོགས་སུ་འཁོར་ནས་དེའི་ལམ་འདྲི་ཞིང་ན་རེ། ཚུར་ཤོག་དང་། ངེད་ཅག་དུས་གཏན་གྱི་ཁ་ཆད་ཀྱི་ནང་དུ་དཀོན་མཆོག་ཡ་ཝཱེ་དང་འབྲེལ་བར་བྱའོ་ཞེས་ཟེར་བར་འགྱུར། 6 བདག་གི་འབངས་མི་ནི་ཁ་ཐོར་དུ་སོང་བའི་ལུག་དང་འདྲ་ཞིང་། རྫི་བོ་རྣམས་ཀྱིས་དེ་རྣམས་ཀྱི་ལམ་བོར་དུ་བཅུག་པས་དེ་དག་རི་རྒྱུད་རྣམས་རྒྱུ་ཞིང་། རི་རབ་ནས་རི་སྒང་དུ་སོང་སྟེ་རང་གི་ངལ་གསོ་བའི་སྡོད་གནས་བརྗེད་པའོ། ། 7 སུ་ཞིག་དེ་དག་དང་ཕྲད་ན་ཁོ་རྣམས་ཁྱུར་མིད་བཏང་སྟེ། དགྲ་རྣམས་ན་རེ། ངེད་ཅག་ལ་ཉེས་པ་མེད་དོ། །ཅི་ལ་ཞེ་ན། དེ་དག་གིས་སྡོད་གནས་ངོ་མ་ཡིན་པའི་དཀོན་མཆོག་ཡ་ཝཱེ་སྟེ། ཁོ་ཚོའི་ཕ་མེས་རྣམས་ཀྱི་རེ་བ་ཡིན་པའི་དཀོན་མཆོག་ཡ་ཝཱེ་ལ་འགལ་བའི་སྡིག་པ་བྱས་པའི་ཕྱིར་རོ་ཞེས་སྨྲས་སོ། ། 8 ཀྱེ་ང་ཡི་མི་རྣམས། ལུག་ཁྱུའི་མདུན་དུ་འགྲོ་བའི་ར་ཕོ་བཞིན་དུ། ཁྱོད་ཅག་ནི་པཱ་པེལ་ལོན་དང་ཀལ་དི་པའི་ཡུལ་ནས་ཕྲོས་ཤིག 9 ལྟོས་དང་། ངས་མཉམ་འབྲེལ་བྱས་པའི་མི་རིགས་ཆེན་པོ་རྣམས་ལ་བསྐུལ་བར་བྱ་ཞིང་། དེ་རྣམས་བྱང་ཕྱོགས་ཡུལ་ནས་པཱ་པེལ་ལོན་ལ་རྒོལ་དུ་ཁྲིད་འོངས་ནས། དེ་དག་གིས་དམག་བཤམས་ནས་དེ་ལ་རྒོལ་ཞིང་དེ་བཙན་འཛིན་བྱེད་པར་འགྱུར་བ་དང་། དེ་དག་གི་མདའ་ནི་དཔའ་བོ་མདའ་པའི་མདའ་དང་འདྲ་ཞིང་། མདའ་རྐང་གཅིག་ཀྱང་དོན་མེད་དུ་ཕྱིར་མི་ལོག་གོ ། 10 དེ་ནས་ཀལ་དི་ཡུལ་ནི་བཅོམ་ནོར་དུ་འགྱུར་ཞིང་། དེ་འཇོམས་མཁན་ཀུན་གྱི་ཡིད་ཚིམ་པར་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
པཱ་པེལ་ལོན་དགྲ་ལག་ཏུ་ཤོར་བ།
11 ཀྱེ་ངའི་ནོར་སྐལ་འཕྲོག་མཁན་རྣམས། ཁྱོད་རྣམས་དགའ་ཞིང་མགུ་བ་ནི་གཡུལ་གཅོག་པའི་བ་གཞོན་གྱིས་རྩེད་འཇོ་བྱེད་པ་དང་། རྟ་མཆོག་འཚེར་བ་བཞིན་ཡིན་མོད་ཀྱང་། 12 ཁྱོད་རྣམས་ཀྱི་མ་ནི་སྐྱེངས་པར་འགྱུར་ཞིང་། ཁྱོད་རྣམས་བཙའ་མཁན་དེ་ངོ་ཚ་བར་འགྱུར། ལྟོས་ཤིག མོ་ནི་མི་རིགས་རྣམས་ཀྱི་ནང་དུ་ཆུང་ཤོས་དང་། དབེན་སྟོང་དང་སྐམ་ས། བྱེ་ཐང་བཅས་སུ་འགྱུར་རོ། ། 13 དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོའི་དབང་གིས་པཱ་པེལ་ལོན་དུ་མི་སྡོད་མཁན་མེད་དེ་ཁྱོན་ནས་ས་སྟོང་དུ་འགྱུར་ཞིང་། གནས་དེ་བརྒྱུད་ནས་འགྲོ་མཁན་ཐམས་ཅད་ཞེད་སྣང་ཚ་པོ་སྐྱེ་ཞིང་། དེར་བྱུང་བའི་ཆག་སྒོ་ཡི་རྐྱེན་གྱིས་འཕྱ་དགོད་བྱེད་པར་འགྱུར། 14 ཀྱེ་གཞུ་འཐེན་མཁན་རྣམས། ཁྱོད་ཅག་གིས་པཱ་པེལ་ལོན་གྱི་མཐའ་འཁོར་དུ་དམག་ཤོམས་ཤིག མདའ་ལ་སེར་སྣ་མི་བྱེད་པར་འཕངས་ནས་དེར་རྒོལ་ཞིག ཅི་ལ་ཞེ་ན། དེས་དཀོན་མཆོག་ཡ་ཝཱེ་དང་འགལ་བའི་སྡིག་པ་བྱས་པས་སོ། ། 15 དེའི་མཐའ་ནས་བསྐོར་ཏེ་ཀི་ཐོབས་ཤིག དེས་མགོ་བསྒུར་ཅིང་ལྕོག་མཁར་རྣམས་བརྡིབས་པ་དང་མཁར་རྣམས་བཤིག་གོ །འདི་ནི་དཀོན་མཆོག་ཡ་ཝཱེས་འཁོན་ལན་སློག་པ་ཡིན་ཏེ། ཁྱོད་ཅག་གིས་དེ་ལ་དགྲ་ཤ་ལོངས་ཤིག དེས་ཁྱོད་རྣམས་ལ་ཇི་ལྟར་སྤྱད་ན། ཁྱོད་རྣམས་ཀྱིས་ཀྱང་མོ་ལ་དེ་ལྟར་སྤྱོད་ཅིག 16 ཁྱོད་ཅག་གིས་པཱ་པེལ་ལོན་གྱི་ནང་དུ་ཞིང་རྨོ་མཁན་དང་། སྟོན་ལེན་དུས་ལག་ཏུ་ཟོར་བ་འཛིན་མཁན་ཐམས་ཅད་ཚར་ཆོད་ཅིག དེ་རྣམས་རེ་རེ་གཉའ་གནོན་གཏོང་བའི་རལ་གྲི་ལ་གཡོལ་བའི་ཕྱིར་དུ། རང་གི་མི་རིགས་ཀྱི་རྩར་ཕྱིར་ལོག་ཅིང་། རང་གི་ཕ་ཡུལ་དུ་འབྲོ་བར་འགྱུར་རོ། ། 17 ཡེས་ར་ཨེལ་ནི་ཁ་ཐོར་དུ་སོང་བའི་ལུག་ཡིན་ཏེ། སེང་གེས་དེ་ནི་ཐོར་དུ་བཅུག་པ་ཡིན། ཐོག་མར་ཨ་སུར་རྒྱལ་པོས་དེ་ཁྱུར་མིད་བཏང་བ་དང་། ཕྱིས་སུ་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་དེའི་རུས་པ་རྣམས་གཅོག་གོ ། 18 དེ་བས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག ངས་སྔོན་ཆད་ཇི་ལྟར་ཨ་སུར་རྒྱལ་པོ་ལ་ཉེས་ཆད་བཅད་པ་ཡིན་ན། པཱ་པེལ་ལོན་གྱི་རྒྱལ་པོ་དང་དེའི་ཡུལ་ཁམས་ལའང་དེ་ལྟར་ཉེས་ཆད་གཅོད་དེ། 19 ངས་ཡེས་ར་ཨེལ་སླར་ཡང་རང་གི་རྩྭ་ཁར་ཁྲིད་ནས། དེ་ཡིས་ཀར་མེལ་དང་པཱ་ཤན་དུ་རྩྭ་བཟའ་ཞིང་། ཨེ་ཕཱར་ཡིམ་རི་ཁུལ་དང་གིལ་ཨད་ཡུལ་དུ་ཡིད་ཚིམ་པར་འགྱུར། 20 ཉིན་མོ་དེ་དང་དུས་དེ་ལ་ཁྱོད་ཀྱིས་ཡེས་ར་ཨེལ་གྱི་སྡིག་པ་བཙལ་ཡང་མི་རྙེད་ལ། ཡ་ཧུ་དཱའི་སྡིག་པ་བཙལ་ཡང་རྙེད་པར་མི་འགྱུར། ཅི་ལ་ཞེ་ན། ངས་ལུས་སུ་བཅུག་པ་རྣམས་ཀྱི་སྡིག་པ་བསལ་བར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
དཀོན་མཆོག་གིས་པཱ་པེལ་ལོན་ལ་ཉེས་ཆད་བཅད་པ།
21 ཁྱོད་ཡར་སོང་ནས་མེ་རཱ་ཏ་ཡིམ་གྱི་གནས་ལ་རྒོལ་ཞིག ཡང་ཕེ་ཀོད་ཀྱི་མི་སྡེ་ལ་རྒོལ་ནས། དེ་དག་འདེད་བཅོམ་བྱས་ཏེ་རྩ་མེད་དུ་ཐོངས་ཤིག ངས་ཁྱོད་ལ་བསྒོས་པའི་བཀའ་བཞིན་དུ་བྱོས་ཤིག་ཅེས་དཀོན་མཆོག་ཡ་ཝཱེས་གསུངས། 22 ཡུལ་ཁམས་སུ་འཐབ་མོའི་འུར་སྒྲ་དང་འཇིག་པ་ཆེན་པོ་ཡོད། 23 ས་གཞི་ཡོངས་ལ་རྡུང་བའི་ཐོ་བ་དེ་ཅི་ལྟར་བཅག་ནས་གཏོར་བ་ཡིན་ནམ། མི་རིགས་རྣམས་ཀྱི་ཁྲོད་དུ་པཱ་པེལ་ལོན་ནི་ཅི་ལྟར་འཇིགས་པའི་གནས་སུ་གྱུར་པ་ཡིན་ནམ། 24 ཀྱེ་པཱ་པེལ་ལོན། ངས་ཁྱོད་ཀྱི་ཕྱིར་དུ་རྙི་རྒྱ་བཙུགས་ནས། ཁྱོད་དེའི་ནང་དུ་ཚུད་ཀྱང་མ་ཚོར་ཏེ། ཁྱོད་ནི་རྙེད་ནས་བཟུང་བ་ཡིན་ནོ། །ཅི་ལ་ཞེ་ན། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འགོག་རྒོལ་བྱས་པས་སོ། ། 25 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་དམག་ཆས་ཀྱི་མཛོད་སྒོ་ཕྱེས་ནས། ཉིད་ཀྱི་ཐུགས་ཁྲོའི་མཚོན་ཆ་རྣམས་བཏོན་པ་སྟེ། ཅི་ལ་ཞེ་ན། འདི་ནི་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་ཀལ་དི་པའི་ཡུལ་དུ་མཛད་དགོས་པ་ཡིན་ནོ། ། 26 ཁྱོད་རྣམས་རྒྱང་རིང་གི་ས་མཚམས་ནས་འོངས་ཏེ་རྒོལ་བར་གྱིས་ཤིག དེའི་འབྲུ་མཛོད་རྣམས་ཁ་ཕྱེས་ནས་ས་ཕུང་མཐོན་པོ་ལྟར་བརྩིགས་ལ། རྩ་བ་ནས་མེད་པར་བྱས་ཏེ་ཅི་ཡང་ལུས་པར་མ་བྱེད་ཅིག 27 དེའི་བ་ཕྲུག་ཐམས་ཅད་སོད་ཅིག དེ་དག་གསོད་གཅོད་ཐེབས་པར་མར་འགྲོ་རུ་ཆུག དེ་རྣམས་ཀྱི་ཉིན་མོ་སྟེ་ཉེས་ཆད་ཕོག་པའི་དུས་ལ་སླེབས་པས། དེ་དག་ལ་ཆག་སྒོ་འབྱུང་བར་འགྱུར། 28 པཱ་པེལ་ལོན་ནས་ཐར་བའི་ཡུལ་འཁྱར་པ་རྣམས་ཀྱིས། ཛ་ཡན་དུ་རང་ཅག་གི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མཆོད་ཁང་གི་ཕྱིར་དུ་འཁོན་ལན་ཅི་ལྟར་སློག་པ་ཁྱབ་བསྒྲགས་བྱེད་པའོ། ། 29 ཁྱོད་ཅག་གིས་མདའ་པ་ཐམས་ཅད་བསྡུས་ཏེ་པཱ་པེལ་ལོན་ལ་རྒོལ་བར་གྱིས་ཤིག པཱ་པེལ་ལོན་གྱི་མཐའ་འཁོར་དུ་དམག་སྒར་བཙུགས་ཏེ་མི་གཅིག་ཀྱང་འབྲོ་བར་མ་འཇུག དེས་གང་ཞིག་སྤྱད་པ་བཞིན་དུ་དེ་ལ་འཁོན་ལན་སློགས་ཤིག དེས་ཇི་ལྟར་བྱས་ན་ཁྱོད་ཅག་གིས་ཀྱང་དེ་ལྟར་བྱོས་ཤིག ཅི་ལ་ཞེ་ན། དེས་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དམ་པ་ཉིད་ལ་ང་རྒྱལ་བཅངས་ནས་འགོག་རྒོལ་བྱས་པས་སོ། ། 30 དེ་བས་མོའི་དར་མ་རྣམས་ནི་ཐང་ཆེན་དུ་འགྱེལ་ཞིང་། ཉིན་མོ་དེ་ལ་དམག་མི་ཐམས་ཅད་ཁ་རོག་ཏུ་སྡོད་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 31 ལྟོས་ཤིག ངས་ང་རྒྱལ་ཅན་ཁྱོད་དགྲ་རུ་འཛིན་ཏེ། ཅི་ལ་ཞེ་ན། ཁྱོད་ཀྱི་ཉིན་མོ་སྟེ་ངས་ཁྱོད་ལ་ཉེས་ཆད་གཅོད་པའི་དུས་ལ་སླེབས་པས་སོ་ཞེས་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་གསུངས། 32 ང་རྒྱལ་ཅན་ནི་འདྲེད་ཅིང་འགྱེལ་བར་འགྱུར་ལ་སུས་ཀྱང་དེ་སློང་བར་མི་བྱེད། ངས་དེའི་གྲོང་ཁྱེར་རྣམས་ལ་མེ་སྦར་ནས་མཐའ་འཁོར་ལ་ཡོད་པ་ཐམས་ཅད་ཁྱུར་མིད་གཏོང་བར་འགྱུར་རོ། ། 33 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡེས་ར་ཨེལ་པ་རྣམས་དང་ཡ་ཧུ་དཱ་པ་རྣམས་ལ་མཉམ་དུ་བརྙས་བཅོས་ཐེབས་པ་དང་། དེ་དག་འཛིན་མཁན་ཀུན་གྱིས་དེ་དག་དམ་པོར་བཟུང་ནས་སྒྲོལ་བར་མི་བྱའོ། ། 34 དེ་དག་སྐྱོབ་མཁན་གཙོ་བོ་ཁོང་ནི་ནུས་མཐུ་ལྡན་པ་ཡིན་ཏེ། ཁོང་གི་མཚན་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས་པས། ཁོང་གིས་དེ་དག་གི་ཕྱིར་དུ་དག་འབུད་གསལ་ཐག་ཆོད་པ་བྱེད་ཅིང་། ས་གཞི་ཡོངས་བདེ་ལ་འགོད་པའི་ཕྱིར་ཡིན་མོད། འོན་ཀྱང་པཱ་པེལ་ལོན་གྱི་མི་རྣམས་ལ་ཁོང་གིས་དཀྲོག་རྐྱེན་སློང་བར་འགྱུར་རོ་ཞེས་གསུངས་སོ། ། 35 ཡང་རལ་གྲི་ནི་ཀལ་དི་པ་དང་པཱ་པེལ་ལོན་གྱི་མི་རྣམས་དང་། དེའི་འགོ་དཔོན་རྣམས་དང་མཁས་པ་རྣམས་ཀྱི་སྟེང་དུ་འབབ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 36 ཁེངས་རློམ་ཅན་གྱི་སྟེང་དུ་རལ་གྲི་ཞིག་འབབ་ཅིང་ཁོ་རྣམས་རྨོངས་པར་འགྱུར། དེའི་དཔའ་བོ་རྣམས་ཀྱི་སྟེང་དུ་རལ་གྲི་ཞིག་འབབ་ཅིང་དེ་རྣམས་འཇིགས་པར་འགྱུར། 37 དེའི་རྟ་དང་ཤིང་རྟ་དང་། དེའི་ནང་དུ་སྡོད་པའི་མི་རིགས་འདྲེས་མ་ཀུན་གྱི་སྟེང་དུ་རལ་གྲི་ཞིག་འབབ་ཅིང་དེ་རྣམས་བུད་མེད་བཞིན་དུ་འགྱུར། དེའི་རིན་པོ་ཆེ་རྣམས་ཀྱི་སྟེང་དུ་རལ་གྲི་ཞིག་འབབ་ཅིང་དེ་རྣམས་ཕྲོགས་ནས་འཁྱེར་བར་འགྱུར། 38 དེའི་ཆུ་རྣམས་ཀྱི་སྟེང་དུ་ཐན་པ་འབྱུང་ཞིང་དེ་རྣམས་སྐམ་པར་འགྱུར། ཅི་ལ་ཞེ་ན། འདི་ནི་བརྐོས་སྐུ་རྣམས་ཀྱི་ཡུལ་ཁམས་ཡིན་ལ་མི་ནི་འཇིགས་སུ་རུང་བའི་སྐུ་འདྲའི་དབང་གིས་སྨྱོ་བས་སོ། ། 39 དེ་བས་དབེན་སྟོང་གི་རི་དྭགས་དང་འཕར་སྤྱང་དེ་རུ་གནས་ཤིང་། རྔ་བྱ་རྣམས་ཀྱང་དེར་གནས་པ་དང་། ཕྱིན་ཆད་ནམ་ཡིན་ཡང་དེ་རུ་མི་སྡོད་མཁན་མེད་ལ། མི་རབས་ནས་མི་རབས་བར་དུ་མི་སྡོད་མཁན་མེད་དོ། ། 40 དཀོན་མཆོག་གིས་ཇི་ལྟར་སཱ་དོམ་དང་གཱ་མོ་ར་དང་། དེའི་ཉེ་འཁོར་གྱི་གྲོང་ཁྱེར་རྣམས་ཕམ་པར་བཟོས་པ་བཞིན། པཱ་པེལ་ལོན་དུ་སྡོད་མཁན་མི་གཅིག་ཀྱང་མེད་ལ། སུ་ཡང་དེ་རུ་བྱེས་སུ་སྡོད་པར་མི་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 41 ལྟོས་ཤིག དམག་དཔུང་ཞིག་བྱང་ཕྱོགས་ནས་འོང་གིན་འདུག ས་གཞིའི་མཐའ་མཚམས་ནས་མི་རིགས་ཆེན་པོ་ཞིག་དང་རྒྱལ་པོ་རྣམས་ཀྱང་བསྐུལ་ནས་སླེབས་ཤིང་། 42 དེ་དག་གི་ལག་ཏུ་གཞུ་དང་མདུང་བཟུང་སྟེ་གདུག་རྩུབ་ཆེ་ལ་སྙིང་རྗེ་མེད་པ་དང་། རྒྱ་མཚོའི་རྦ་རླབས་འཕྱུར་བ་ནང་བཞིན་དེ་དག་གིས་ང་རོ་འདོན། ཀྱེ་པཱ་པེལ་ལོན་གྱི་བུ་མོ་ལགས། དེ་རྣམས་རྟ་ལ་ཞོན་ནས་བསླེབ་ཅིང་གཡུལ་ངོར་ཞུགས་པའི་དམག་མི་ནང་བཞིན་གྲལ་བསྒྲིགས་ཏེ་ཁྱོད་ལ་རྒོལ་བར་འགྱུར། 43 པཱ་པེལ་ལོན་གྱི་རྒྱལ་པོས་དེ་དག་སྐོར་གྱི་གཏམ་ཐོས་པ་དང་ལག་རྩ་ལྷོད་དེ། ཟུག་རྔུ་དྲག་པོས་གདུངས་ནས་སྐྱེ་གཟེར་རྒྱག་པའི་བུད་མེད་ལྟར་ན་ཟུག་ལང་ངོ་། ། 44 ལྟོས་ཤིག སེང་གེ་ཇི་ལྟར་ཡོར་དན་གཙང་པོ་འགྲམ་གྱི་ནགས་ཚལ་ནས་ཐོན་ཏེ་གནས་ཡུལ་བརྟན་པོར་རྒོལ་བ་བཞིན། ངས་ཀལ་དི་པ་ནི་སྐད་ཅིག་ཙམ་ལ་གནས་འདི་ལས་སྐྲོད་པར་བྱའོ། །ངས་སུ་ཞིག་བདམས་པ་ཡིན་ན་དེ་མངགས་ནས་ཡུལ་ཁམས་འདི་སྐྱོང་བར་བྱ་སྟེ། ང་དང་འདྲ་བ་སུ་ཡོད་དམ། སུ་ཞིག་གིས་ང་ཁྲིམས་སར་བོས་ནས་འདྲི་གཅོད་བྱེད་ནུས་སམ། ངའི་མདུན་དུ་འགྲེང་ནུས་པའི་རྫི་བོ་སུ་ཡོད་དམ་ཞེས་གསུངས་སོ། ། 45 དེའི་ཕྱིར། དཀོན་མཆོག་ཡ་ཝཱེས་པཱ་པེལ་ལོན་ལ་རྒོལ་བའི་ཐབས་ཇུས་དང་། ཀལ་དི་པའི་ཡུལ་ལ་རྒོལ་བའི་ཐུགས་དགོངས་ལ་ཁྱོད་རྣམས་ཀྱིས་ཉོན་དང་། དགྲ་བོས་དེ་དག་གི་ལུག་ཁྱུ་ནང་གི་ཉམས་ཆུང་དག་འདྲུད་པར་འགྱུར་ཞིང་། དེ་དག་གི་རྩྭ་ས་ཡང་དབེན་སྟོང་དུ་འགྱུར་རོ། ། 46 པཱ་པེལ་ལོན་བཙན་བཟུང་བྱས་པའི་སྒྲ་ཡིས་ས་གཞི་འདར་ཞིང་། མི་ཡིས་ཡུལ་ཁམས་ཀུན་ཏུ་འོ་དོད་འདོན་པའི་སྒྲ་ཐོས་པར་འགྱུར་རོ། །