ལེའུ་ཉེར་དགུ༌པ།
1 ཡང་ཡང་བཀའ་བཀྱོན་འཕོག་བཞིན༌དུ། །གཉའ་རེངས་བྱེད་པ་གློ་བུར༌ཉིད། །མེད་པར་འགྱུར་ཞིང་སྐྱོབ་ཐབས༌ཟད།། 2 དྲང་པོ་འཕེལ་དུས་མི་རྣམས༌དགའ། །ངན་པས་དབང་དུ་སྒྱུར་དུས༌སུ། །མི་རྣམས་འཁུན་སྒྲ་འབྱིན་པ༌ཡིན།། 3 ཤེས་རབ་ལ་ནི་དགའ་བ༌ཡིས། །རང་གི་ཕ་ནི་སྤྲོ་བར༌བྱེད། །སྨད་འཚོང་མ་དང་འགྲོགས་པ༌ཡིས། །ཁྱིམ་གྱི་རྒྱུ་ནོར་ཆུད་ཟོས༌གཏོང༌།། 4 དྲང་གཞག་ངང་ནས་རྒྱལ་པོས༌ནི། །རང་གི་རྒྱལ་སྲིད་ཚུགས་སུ༌འཇུག །ལྐོག་རྔན་ལེན་པས་རྒྱལ་སྲིད༌བརླག། 5 ཁྱིམ་མཚེས་ལ་ནི་ངོ་དགའ་བྱེད་པ༌ཡིས། །དེ་ཡི་རྐང་འོག་རྙི་རྒྱ་འཛུགས་པ༌ཡིན།། 6 མི་ངན་ཉེས་སྐྱོན་དབང་གིས་རྙི་རྒྱར༌ཚུད། །དྲང་པོ་དགའ་མགུ་རང་ཞིང་ཀི་སྒྲ༌སྒྲོག། 7 དྲང་པོས་དབུལ་པོའི་དོན་ལ་མནོ་བསམ༌གཏོང༌། །ངན་པར་དེ་ཉིད་གོ་བའི་འདུ་ཤེས༌མེད།། 8 འཕྱ་སྨོད་མཁན་གྱིས་གྲོང་ཁྱེར་ཡོངས་སུ༌དཀྲུག །ཤེས་རབ་ཅན་གྱིས་ཁོང་ཁྲོ་ཞི་བར༌བྱེད།། 9 ཤེས་རབ་ཅན་དང་བླུན་པོ་རྩོད་དུས༌སུ། །བླུན་པོས་ཀུ་ཅོ་སྒྲོག་ཅིང་འཕྱ་དགོད༌བྱེད། །དེ་ལ་ཞི་འཇགས་ཅིས་ཀྱང་འབྱུང་མི༌སྲིད།། 10 མི་ཁྲག་བཞུར་བར་རྔམ་པ་བཟང་པོར༌སྡང༌། །དེས་ནི་དྲང་པོའི་ཚེ་སྲོག་ལེན་པར༌བསྙེག། 11 གླེན་པ་ཁོང་ཁྲོ་རབ་ཏུ་འབར་བ༌དང༌། །ཤེས་རབ་ཅན་གྱིས་རང་གི་ཁོང་ཁྲོ༌འགོག། 12 སྲིད་དབང་འཛིན་མཁན་རྫུན་ལ་ཡིད་ཆེས༌ན། །དེ་ཡི་འཁོར་གཡོག་ཐམས་ཅད་ངན་དུ༌འགྲོ། 13 དབུལ་པོ་དང་ནི་གཞན་གདུང༌ཅན། །ལྷན་ཅིག་འཛོམས་ཤིང་ཡ་ཝཱེ༌ཡིས། །དེ་གཉིས་མིག་ལ་འོད་སྣང༌སྦྱིན།། 14 གལ་ཏེ་རྒྱལ་པོས་གཞུང་དྲང༌སྒོས། །དབུལ་པོར་ཁྲིམས་ཐག་བཅད་ན༌ནི། །དེ་ཡི་རྒྱལ་ཁྲི་རྟག་ཏུ༌བརྟན།། 15 དབྱུག་པ་དང་ནི་འཆུན་འདོམས་ཀྱིས། །མི་ལ་ཤེས་རབ་སྩོལ་བ་དང༌། །ལང་ཤོར་བཏང་བའི་བུ་ཡིས་ནི། །རང་གི་མ་ཡང་ངོ་ཚར༌སྦྱོར།། 16 ངན་པ་མོད་དུས་ཉེས་སྐྱོན༌འཕེལ། །དྲང་པོས་དེ་དག་ལྟུང་ལུགས༌གཟིགས།། 17 རང་གི་བུ་ནི་ཆུན་ཞིག༌དང༌། །དེ་ཡིས་ཁྱོད་རང་བདེ་བ༌དང༌། །ཁྱོད་ཀྱི་སེམས་ཀྱང་སྤྲོ་བར༌བྱ།། 18 ལུང་བསྟན་མེད་སར་མི་རྣམས་རང་དགར༌སྤྱོད། །བཀའ་ཁྲིམས་སྲུང་བའི་སྐྱེ་བོར་བྱིན་རླབས༌འཐོབ།། 19 ཁ་བཤད་ཙམ་གྱིས་གཡོག་པོ་མི་འཆུན༌ཏེ། །དེ་ཡིས་གོ་ཡང་སྣང་དག་མི་བྱེད༌དོ།། 20 སྐད་ཆ་རྟབ་རྟབ་སྨྲ་མཁན་མཐོང་མྱོང༌ངམ། །དེ་ལས་གླེན་པར་རེ་བ་ལྡན་པ༌ཡིན།། 21 ཆུང་ནས་གཡོག་པོ་ལང་ཤོར་བཏང་ན༌ནི། །དེ་ཡིས་མཇུག་མཐར་སྡུག་བསྔལ་བསྐྱེད་པ༌འོ།། 22 ངང་ཐུང་གིས་ནི་རྩོད་གཞི༌སློང༌། །གཏུམ་པོས་ཉེས་སྡིག་མང་དུ༌གསོག། 23 མི་ནི་རང་གི་ང་རྒྱལ༌གྱིས། །དམའ་སར་དབབ་ཀྱང་ཁེངས་སྐྱུང༌གིས། །བཀུར་སྟི་རྙེད་པར་འགྱུར་བ༌ཡིན།། 24 རྐུན་མའི་ངན་གྲོགས་བྱེད་པ༌ནི། །རང་སྲོག་འཁོན་དུ་འཛིན་པ༌ཡིན། །མནའ་ཡིས་དཔང་པོ་བྱེད་དགོས༌པ། །ཐོས་ཀྱང་དེ་ཡིས་ཅང་མི༌སྨྲ།། 25 མི་ལ་འཇིགས་ན་རྙི་ནང༌འཚུད། །ཡ་ཝཱེར་བརྟན་པར་ཉེ་ཞོ༌མེད།། 26 མང་པོས་མངའ་བདག་ཁ་ངོ་འཚོལ་ན༌ཡང༌། །རེ་རེའི་དྲང་གཞག་ཡ་ཝཱེ་ཁོང་ནས༌འབྱུང༌།། 27 དྲང་པོ་གྱ་གྱུ་ཅན་ལ་སྐྱུག་བྲོ༌ཞིང༌། །མི་ངན་གཞུང་རྒྱུད་དྲང་པོར་ཞེ་ལོག༌གོ།