ལེའུ་སུམ་ཅུ༌པ།
ཨ་གུར་གྱི་ངག༌རྒྱུན།
ཡཱ་ཀེའི་བུ་ཨ་གུར་གྱི་ངག་རྒྱུན་ཏེ་ཁོང་གི་བཀའ་ལུང་ནི། སྐྱེ་བོ་དེས་ཨི་ཐི་ཨེལ༌དང༌། ཨི་ཐི་ཨེལ་དང་ཡུ་ཀལ་གཉིས་ལ་བསྒོས་པ་ཡིན༌ཏེ། ང་ནི་ཀུན་ལས་བླུན་རྨོངས༌ཡིན། །མི་ཡི་གོ་རྟོགས་ང་ལ༌མེད།། ཤེས་རབ་ཀྱང་ནི་ངས་མ༌བསླབས། །དམ་པ་ཉིད་ཀྱང་ཤེས་མ༌གྱུར།། ནམ་མཁར་འཕགས་ནས་སུ་ཞིག༌བབས། །ལག་མཐིལ་རླུང་ཆེན་སུ་ཡིས༌བསྡུས། །ཆུ་རྣམས་གོས་ནང་སུ་ཡིས༌བསྒྲིལ། །ས་གཞིའི་མཐའ་བཞི་སུ་ཡིས༌བཙུགས། །ཁོང་གི་མཚན་ལ་ཅི༌བྱ་འམ། །ཁོང་གི་སྲས་ཀྱི་མཚན་ཡང༌ཅི། །ཤེས་ན་ང་ལ་འཆད་རོགས༌གནང༌།། དཀོན་མཆོག་བཀའ་ལ་དྲི་མ༌མེད། །ཁོང་ཉིད་སྐྱབས་སུ་བརྟེན་མཁན༌ལ། །ཁོང་ནི་དེ་ཡི་ཕུབ་ལགས༌སོ།། ཁོང་གི་བཀའ་ལ་ཁ་སྣོན་རྒྱག་མི༌རུང༌། །བརྒྱབ་ན་ཁོང་གིས་ཁྱོད་ལ་བཀའ་བཀྱོན༌མཛད། །ཁྱོད་ནི་རྫུན་གཏམ་སྨྲ་བར་མངོན་པར༌འགྱུར།།
ལེགས་བཤད་གཞན༌དག
བདག་ལ་ཞུ་བ་འབུལ་རྒྱུ་གཉིས་ཡོད༌དེ། །ང་རང་མ་ཤི་སྔོན་ལ་གནང་བར༌མཛོད།། གཡོ་སྒྱུ་དང་ནི་རྫུན་གཏམ༌གཉིས། །ང་དང་རིང་དུ་གྱེས་པར༌མཛོད། །ང་ནི་དབུལ་པོར་མི་མཛད༌ཅིང༌། །ཕྱུག་པོར་ཡང་ནི་མི་མཛད༌པར། །ཁ་ཟས་འདང་ངེས་གནང་བས༌ཆོག། དེ་མིན་ང་རང་འགྲངས་དུས༌སུ། །ཁྱེད་ཉིད་སྤངས་ཏེ་འདི་ལྟར༌དུ། །ཡ་ཝཱེ་སུ་ཡིན་ཞུ་ཡང༌སྲིད། །ཡང་ན་དབུལ་དུས་རྐུ་བྱས༌ནས། །དཀོན་མཆོག་མཚན་སྙན་བརླག་ཀྱང༌སྲིད།། 10 བདག་པོའི་དྲུང་དུ་བྲན་པོར་ངན་མ༌གཏམ། །དེ་ཡིས་ཁྱོད་ལ་དམོད་ན་ཉེས་སྐྱོན༌འཕོག། 11 རང་གི་ཕ་ལ་དམོད་འབོར༌ཞིང༌། །མ་ལ་སྨོན་འདུན་མི་ཞུ༌བའི། །མི་རབས་ཀྱང་ནི་ཡོད་པ༌ཡིན།། 12 རང་གི་དྲི་མ་མ་བཀྲུས༌བཞིན། །རང་གི་སྣང་བར་རང་གཙང༌བའི། །མི་རབས་ཀྱང་ནི་ཡོད་པ༌ཡིན།། 13 མིག་ལ་དྲེགས་ཉམས་ཆེ་བ༌དང༌། །མིག་ལྕིབས་གཙིགས་སུ་འདེགས་པ༌ཡི། །མི་རབས་ཀྱང་ནི་ཡོད་པ༌ཡིན།། 14 སོ་ནི་རལ་གྲི་མཆེ་བ་གྲི་རྣམས་བཞིན། །ས་གཞིའི་དབུལ་པོ་རྣམས་དང་མི་ཡི༌ཁྲོད། །མེད་པོ་རྣམས་ནི་ཁྱུར་མིད་བྱེད་པ༌ཡི། །མི་རབས་ཀྱང་ནི་ཡོད་པ་ཡིན་ལགས༌སོ།། 15 ཁྲག་འཐུང་སྲིན་བུར་བུ་མོ་གཉིས་ཡོད༌དེ། །རྟག་ཏུ་ཡང་ཡང་ང་ལ་བྱིན་ཅིག༌ཟེར། །ཚིམ་པ་མེད་པའི་རིགས་ནི་གསུམ་ཡོད༌ལ། །འདང་སོང་མི་ཟེར་བ་དང་བཞི་བཅས༌ཏེ།། 16 གཤིན་ཡུལ་དང་ནི་མོ་གཤམ༌དང༌། །ཆུ་ཡིས་ངོམས་པ་མེད་པའི༌ས། །འདང་སོང་མི་ཟེར་མེ་བཅས༌སོ།། 17 རང་གི་ཕ་ལ་འཕྱ་བ༌དང༌། །རྒས་པའི་མ་ལ་སྨད་པ༌ཡི། །མིག་ནི་ལུང་བའི་ཕོ་རོག༌གིས། །དྲུས་ཏེ་གླག་ཕྲུག་གིས་ཟ༌འོ།། 18 བདག་ལ་དོན་གསུམ་ངོ་མཚར༌ཆེ། །མི་རྟོགས་དོན་བཅས་བཞི་ཡོད༌དེ།། 19 གླག་གིས་གནམ་འཕང་གཅོད་པའི༌ལམ། །ཕ་བོང་སྟེང་གི་སྦྲུལ་གྱི༌ལམ། །རྒྱ་མཚོ་དཀྱིལ་གྱི་གྲུ་ཡི༌ལམ། །ན་གཞོན་ཕོ་མོ་འགྲོགས་པའི༌ལམ།། 20 གཡེམ་མོའི་ལམ་ནི་འདི་ལྟ༌སྟེ། །མོས་ནི་ཟ་ཞིང་ཁ་ཕྱིས༌ནས། །མི་རུང་ཅི་ཡང་མ་བྱས༌ཟེར།། 21 ས་གཞི་སྒུལ་བར་བྱེད་པའི་དོན་གསུམ༌ཡོད། །བཟོད་ཐབས་མེད་པའི་དོན་དང་བཞི་བཅས༌ཏེ།། 22 བྲན་པོ་རྒྱལ་པོར་སྡོད་པ༌དང༌། །གླེན་པའི་གྲོད་པ་འགྲང་བ༌དང༌།། 23 བརྩེ་མེད་མནའ་མར་འགྲིམ་པ༌དང༌། །གཡོག་མོས་བདག་མོའི་ཚབ་བྱེད༌པ།། 24 ས་གཞིར་ཆུང་ཆུང་བཞི་ཡོད༌ཅིང༌། །དེ་དག་རབ་ཏུ་མཛངས་པ༌སྟེ།། 25 གྲོག་མ་སྲོག་ཆགས་སྟོབས་ཞན༌ཡང༌། །དབྱར་དུས་རང་གི་རྒྱགས་གསོག༌གོ། 26 འཕྱི་བ་སྟོབས་བོ་ཆེ་མིན༌ཡང། །རང་གི་ཚང་ནི་བྲག་ལ༌རྐོ།། 27 ཆ་ག་པ་ལ་རྒྱལ་པོ༌མེད། །ལྷན་ཅིག་དཔུང་ཁག་བསྒྲིགས་ནས༌འགྲོ། 28 རྨིགས་པ་ལག་པས་འཛིན་ནུས༌ཀྱང༌། །དེ་ནི་ཕོ་བྲང་ནང་དུ༌སྡོད།། 29 གོམ་སྟབས་རྫིག་རྫིག་ཅན་ནི་གསུམ་ཡོད༌ལ། །རྫིག་རྫིག་ངང་ནས་འགྲོ་བ་དང་བཞི༌སྟེ།། 30 རི་དྭགས་ནང་གི་སྟོབས་བོ༌ཆེ། །སེང་གེ་སུ་ལ་ཕྲད་ན་ཡང་། །ཕྱིར་བསྣུར་སྟེག་པར་མི་འགྱུར༌རོ།། 31 མགོ་བོ་དགྱེ་ནས་མདུན་སྐྱོད༌པའི། །བྱ་ཕོ་དང་ནི་ར་ཐུག༌དང༌། །དམག་དཔུང་དབུས་ཀྱི་རྒྱལ་པོ༌འོ།། 32 རང་ཆེ་བྱས་ནས་གླེན་རྟགས་བསྟན་པ༌འམ། །སེམས་ངན་བསྐྱེད་ན་རང་ཁ་ལག་པས༌ཁོབ།། 33 རྒྱུ་མཚན་གང་ལ་ཡིན་ཞེ༌ན། །འོ་མ་དཀྲུགས་ན་མར་འཐོན༌ཞིང༌། །སྣ་བ་གཅུས་པས་ཁྲག་འཐོན༌བཞིན། །ཁོང་ཁྲོ་བསླངས་ན་འཁྲུག་རྩོད༌འབྱུང༌།།