ལེའུ་སོ་གཅིག༌པ།
རྒྱལ་པོར་གནང་བའི་བསླབ༌བྱ།
1 རྒྱལ་པོ་ལེ་མུ་ཨེལ་གྱི་ངག་རྒྱུན་ཏེ་རང་གི་མ་ལས་བསླབས་པའི་བཀའ་ལུང་ནི། 2 ངའི་བུ་ང་ཡི་མངལ་ལས་སྐྱེས་པའི༌བུ། །ང་ཡིས་དམ་བཅའ་བཞག་ནས་ཐོབ་པའི༌བུ། །ང་ཡིས་ཁྱོད་ལ་ཅི་ཞིག་སྨྲ་བར༌བྱ།། 3 རང་གི་སྟོབས་ནི་སྐྱེས་མར་སྦྱིན་མི་བྱ། །རྒྱལ་པོ་བརླག་པའི་སྤྱད་པ་མ་སྤྱོད༌ཅིག། 4 ལེ་མུ་ཨེལ་ལགས་རྒྱལ་པོ༌ཡིས། །རྒུན་ཆང་འཐུང་བ་མི་མཛེས༌ཏེ། །སྲིད་དབང་འཛིན་པས་ཆང་གར༌བོ། །འཐུང་བར་རྔམ་པ་ཡེ་མི༌འོས།། 5 གལ་སྲིད་འཐུང་ན་བཀའ་གསུང་བརྗེད་གྱུར༌ནས། །གཉའ་གནོན་མྱོང་མཁན་དྲང་གཞག་ལོག་པར༌གཅོད།། 6 ཆང་གར་འཆི་ཁར་ཡོད་པ༌དང༌། །རྒུན་ཆང་སེམས་སྡུག་ཅན་ལ༌བླུགས།། 7 དེ་ཚོས་འཐུང་ན་རང་གི་དབུལ་ཕོངས༌བརྗེད། །རང་གི་སྐྱོ་གདུང་ཡང་ནི་དྲན་མི༌འགྱུར།། 8 ལྐུགས་པའི་དོན་དུ་ཁ་གྲགས་དགོས་པ༌དང༌། །ཉམ་ཆུང་ཕྱིར་དུ་དག་འབུད་བྱེད་པར༌གྱིས།། 9 ཁྱོད་ཀྱིས་ལེགས་ཉེས་དྲང་པོར་ཕྱེས་ཤིག༌དང༌། །དབུལ་ཞིང་ཕོངས་པའི་ཕྱིར་དུ་དག་འབུད༌གྱིས།།
ཆུང་མ་བཟང་མོའི་སྐོར་གླེང༌བ།
10 ཆུང་མ་བཟང་མོ་འཇོན་ཐང༌ཅན། །སུ་ཞིག་གིས་ནི་རྙེད་འགྱུར༌རམ། །སྐྱེས་མ་དེ་ཡི་རིན་ཐང༌ནི། །པདྨ་ར་ག་ལས་ཀྱང༌ལྷག། 11 ཁོ་མོའི་ཁྱོ་གས་མོ་ལ་སེམས་གཏོད༌ཅིང༌། །མི་དེའི་ཐོབ་བྱ་ཕོངས་པར་མི་འགྱུར༌རོ།། 12 ཁོ་མོས་མི་ཚེ་གང་པོར་ཁྱོ་ག༌ལ། །ཕན་འདོགས་པ་ལས་གནོད་པ་ཡེ་མི༌བསྐྱལ།། 13 ཁོ་མོས་བལ་དང་སོ་མ་འཚོལ་བསྡུ༌བྱེད། །སེམས་པ་དགའ་ཞིང་ལག་པས་ལས་ཀ༌བྱེད།། 14 ཁོ་མོ་ཚོང་པའི་གྲུ་ཚོགས་དང་མཚུངས༌ཏེ། །རྒྱང་རིང་ཡུལ་ནས་རང་གི་འཚོ་རྒྱགས༌འདྲེན།། 15 ཞོགས་པ་སྔ་མོ་ཡར་ལངས༌ཏེ། །ནང་མི་རྣམས་ལ་ཁ་ཟས་སྦྱིན། །གཡོག་མོ་རྣམས་ལ་ལས་ཀ་བགོ། 16 ཁོ་མོས་ས་ཞིང་བདམས་ནས༌ཉོ། །རང་གི་ལག་པའི་འབྲས་བུ༌ལས། །རྒུན་ཚལ་ཞིག་ཀྱང་འཛུགས་པ༌ཡིན།། 17 ཁོ་མོས་ནུས་པའི་སྐ་རགས༌བཅིང༌། །རང་ལ་དཔུང་ཤེད་འཇུག་པ༌ཡིན།། 18 ཁོ་མོས་ཚོང་རྣམས་ཁེ་ཅན་ཡིན་པ༌ཤེས། །ཁོ་མོའི་སྒྲོན་མེ་མཚན་གང་ཞི་བ༌མེད།། 19 ཁོ་མོའི་ལག་པས་སྐུད་འཕང་འཛིན། །ལག་པ་འཕང་ལོར་འཇུ་བ༌ཡིན།། 20 དབུལ་པོའི་ཕྱོགས་སུ་ལག་པ་རྐྱོང་བ༌དང༌། །དགོས་མཁོ་ཅན་ལ་ལག་པས་རོགས་སྐྱོར༌བྱེད།། 21 ཁོ་མོའི་ནང་མི་ཀུན་པོ༌ཡིས། །གྱོན་གོས་མཚལ་མདོག་གོན་ཡོད༌པས། །ཁ་བ་བབས་པས་མི་འཇིགས༌སོ།། 22 ཁོ་མོས་རང་ལ་མལ་སྟན་བཟོ་བ༌དང༌། །ཁོ་མོའི་གྱོན་གོས་སོ་རས་སྲབ་བུ༌དང༌། །རྒྱ་སྨུག་རས་ལས་གྲུབ་པ་ཡིན་ལགས༌སོ།། 23 ཁོ་མོའི་ཁྱོ་ག་ཡུལ་དེའི་རྒན་པོ༌དང༌། །ལྷན་ཅིག་མཁར་སྒོ་ཁ་རུ་སྡོད་པ༌དང༌། །ཀུན་གྱིས་ཁོ་ལ་བརྩི་བཀུར་བྱེད་པ༌ཡིན།། 24 ཁོ་མོས་སོ་རས་སྲབ་བུ་འཚོང་བ༌དང༌། །ཚོང་པ་རྣམས་ལ་སྐ་རགས་མཁོ་སྤྲོད༌བྱེད།། 25 སྟོབས་དང་བརྗིད་ཉམས་ཁོ་མོའི་གྱོན་གོས༌ཡིན། །ཕྱིས་ཀྱི་བདེ་སྐྱིད་བསམ་དུས་གད་མོ༌དགོད།། 26 ཁ་གྲགས་ཡོང་དུས་ཤེས་རབ་གླེང་བ༌དང༌། །ལྕེ་རྩེར་བྱམས་བརྩེ་ལྡན་པའི་བསླབ་བྱ༌ཡོད།། 27 ཁོ་མོས་ནང་ལས་ཀུན་ལ་ཞིབ་ཏུ༌ལྟ། ། སྙོམ་ལས་ཅན་གྱི་བག་ལེབ་ཟ་བ༌མིན།། 28 ཁོ་མོའི་བུ་ཕྲུག་ཐམས་ཅད་ཡར་ལངས༌ནས། །ཁོ་མོ་བདེ་འོ་ཞེས་སུ་བརྗོད་པ༌དང༌། །ཁོ་མོའི་ཁྱོ་གས་ཁོ་མོར་འདི་ལྟར༌བསྟོད།། 29 བཟང་མོ་འཇོན་ཐང་ཅན་ནི་ཤིན་ཏུ༌མང༌། །ཁྱོད་ནི་ཀུན་ལས་ཁྱད་དུ་འཕགས་པ༌འོ།། 30 མཚར་སྡུག་བསླུ་བའི་རྒྱུ་ཡིན༌ཞིང༌། །འཇོ་སྒེག་རླངས་པ་ནང་བཞིན༌ཡིན། །ཡ་ཝཱེ་ལ་ནི་འཇིགས་པ༌ཡི། །བུད་མེད་དེ་ལ་བསྟོད་བསྔགས༌འཐོབ།། 31 ཁོ་མོར་རང་གི་ལག་པ༌ཡི། །འབྲས་བུ་ལོངས་སུ་སྤྱོད་པར༌གྱིས། །ཁོ་མོའི་ལས་ཀས་རང་ཉིད༌ལ། །མཁར་སྒོར་བསྟོད་བསྔགས་འཐོབ་གྱུར༌ཅིག།། །།