གསུང་མགུར་ང་དགུ༌པ།
བདེ་འཇགས་ཡོང་བའི་ཆེད་དུ་དཀོན་མཆོག་ཡ་ཝཱེར་སྐྱབས་སུ་འགྲོ་བ།
༼སོ་ལོ་ཡིས་དཱ་བིད་གསོད་པར་མི་མངགས་ནས་ཁོང་གི་ཁང་པར་ལྐོག་ལྟ་བྱེད་པའི༌ཚེ། དཱ་བིད་ཀྱིས་འཕུང་མ་འཇུག་ཅེས་པའི་དབྱངས་ནང་མགུར་འདི་བརྩམས་ནས་དབུ་མཛད་ལ་སྤྲད༌པ་སྟེ། དཱ་བིད་ཀྱི་མེག་ཏཱམ་ཞིག༽ ཀྱེ་ངའི་དཀོན་མཆོག་དགྲ་ལས་སྐྱོབ་པར༌མཛོད། །དགྲ་རུ་ལང་མཁན་རྣམས་ལས་འདེགས་སུ༌གསོལ།། ཉེས་པ་བྱེད་མཁན་རྣམས་ལས་སྒྲོལ་བ་དང༌། །ཁྲག་ལ་རྔམ་པའི་མི་ལས་ང་སྐྱོབ༌རོགས།། ཀྱེ་ཀྱེ་ཡ་ཝཱེ་བདག་གི་ཉེས་སྐྱོན༌དང༌། །སྡིག་པའི་རྐྱེན་གྱིས་མ་ཡིན་དེ་རྣམས༌ནི། །ང་ཡི་སྲོག་ལ་འཇབ་ཅིང་སྟོབས་ཅན༌དག །ང་ཡི་དགྲ་རུ་ཕྱོགས་གཅིག་འདུས་པར༌གཟིགས།། དེ་རྣམས་ཉེས་མེད་ངའི་ཐོག་རྒྱུག་རྐྱང༌ཡིན། །ང་ཡི་གྲོགས་སུ་བཞེངས་ནས་གཟིགས་སུ༌གསོལ།། ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་དཀོན་མཆོག །ཁྱེད་ནི་ཡེས་ར་ཨེལ་གྱི་དཀོན་མཆོག༌ཡིན། །མི་རིགས་ཀུན་ལ་ཉེས་ཆད་གཅོད་པའི༌ཕྱིར། །ཁྱེད་ཉིད་བཞེང་བར་མཛོད་དང་མི་ངན༌ཏེ། །ངོ་ལོག་བྱེད་མཁན་དག་ལ་སྙིང་མ༌རྗེ།།༼ སེ༌ལཱ། ༽ ཁོ་རྣམས་དགོང་མོ་རེ་རེར་ལོག་འོང༌སྟེ། །ཁྱི་ལྟར་རྨུག་ཅིང་གྲོང་ཁྱེར་བསྐོར་ནས༌སྐྱོད།། དེ་ཚོའི་ཁ་ནས་གཏམ་ངན་འཕྱུར་བ༌དང༌། །མཆུ་སྒྲོས་བར་ནས་རལ་གྲི་ཐོན་པ༌ཡིན། །དེ་ཚོའི་སེམས་ནས་ཐོས་མཁན་སུ་ཡོད༌ཟེར།། འོན་ཀྱང་ཡ་ཝཱེས་དེ་ཚོར་ཁྲེལ་དགོད༌མཛད། །མི་རིགས་ཀུན་ལ་འཕྱ་དམོད་མཛད་འགྱུར༌རོ།། དཀོན་མཆོག་ང་ཡི་བཙན་རྫོང་ཡིན་པས༌ན། །ང་ཡི་སྟོབས་ཤུགས་ཁྱེད་ལ་རེ་ལྟོས༌བྱ།། 10 ང་ཡི་བརྩེ་བའི་དཀོན་མཆོག་ངའི་མདུན༌བསུ། །དགྲ་རྣམས་ལ་ཡོགས་ང་ལ་མཐོང་བར༌མཛད།། 11 བདག་གི་མི་སྡེས་བརྗེད་པར་མི་འགྱུར༌ཕྱིར། །ཀྱེ་ཀྱེ་གཙོ་བོ་ང་ཚོའི་ཕུབ་ལགས༌པ། །ཁྱེད་ཀྱིས་དགྲ་རྣམས་གསོད་པར་མི་བྱེད་རོགས། །ནུས་མཐུ་ཆེན་པོས་གཏོར་ནས་དམན་སར༌ཕོབ།། 12 སྨྲ་སྒོའི་སྡིག་པ་མཆུ་སྒྲོས་ཚིག་དང༌ནི། །རྫུན་དང་སྨོན་ལོག་འདེབས་པའི་རྒྱུ་རྐྱེན༌གྱིས། །རང་གི་ང་རྒྱལ་གྱིས་ནི་ཟིན་གྱུར༌ཅིག ། 13 དཀོན་མཆོག་ཉིད་ཀྱིས་ཡ་ཀོབ་སྲིད་སྐྱོང༌ཞིང༌། །ས་མཐའི་བར་དུ་སླེབས་པ་ཤེས་པའི༌ཕྱིར། །ཐུགས་ཁྲོ་དང་བཅས་དེ་རྣམས་ཚར་གཅོད༌ཅིང༌། །ཤུལ་ལུས་མེད་པར་རྦད་དེ་ཚར་གཅོད༌རོགས།།༼ སེ༌ལཱ། ༽ 14 ཁོ་རྣམས་དགོང་མོ་རེ་རེར་ལོག་འོང༌སྟེ། །ཁྱི་ལྟར་རྨུག་ཅིང་གྲོང་ཁྱེར་བསྐོར་ནས༌སྐྱོད།། 15 ཕྱོགས་བཞིར་འཁྱམས་ནས་ཁ་ཟས་འཚོལ་བ༌དང༌། །འགྲང་བའི་བར་དུ་ངར་སྐད་སྒྲོག་པ༌ཡིན།། 16 ཁྱེད་ནི་བདག་གི་བཙན་རྫོང་ཡིན་པ༌དང༌། །དཀའ་སྡུག་ཉིན་མོའི་སྐྱབས་གནས་སུ་གྱུར༌པས། །ང་ཡིས་ཁྱེད་ཀྱི་ནུས་མཐུར་བསྟོད་དབྱངས༌འབུལ། །ཞོགས་པར་ཁྱེད་ཀྱི་བྱམས་བརྩེའི་གླུ་གཞས༌ལེན།། 17 ང་ཡི་སྟོབས་ཤུགས་ཁྱེད་ལ་བསྟོད་དབྱངས༌འབུལ། །དཀོན་མཆོག་ཁྱེད་ཉིད་ང་ཡི་བཙན་རྫོང༌ཡིན། །ང་ལ་བྱམས་བརྩེ་གནང་བའི་དཀོན་མཆོག༌ཡིན།།