གསུང་མགུར་དྲུག་ཅུ༌པ།
ཉེན་ཁ་ལས་ཐར་བའི་ཆེད་དུ་དཀོན་མཆོག་ཡ་ཝཱེར་ཞུ་བ།
1 ༼དཱ་བིད་ཀྱིས་མེ་སོ་པོ་ཐེམ་ཡཱ་དང་ཨ་རམ་ཙོ་བཱ་ལ་འཐབ་མོ་བྱས༌ཤིང༌། ཡོ་ཨབ་ཕྱིར་ལོག་ནས་ཚྭའི་ལུང་པར་ཨེ་དོམ་པ་ཆིག་ཁྲི་ཉིས་སྟོང་བསད་པའི༌ཚེ། དཱ་བིད་ཀྱིས་མེ་ཏོག་ཀུ་མུད་ཀྱི་དཔང་པོ་བྱ་བའི་དབྱངས་ནང་བརྩམས་ནས་དབུ་མཛད་ལ་སྤྲད་པའི་བསླབ་བྱའི་མགུར༌མ་སྟེ། དཱ་བིད་ཀྱི་མེག་ཏཱམ་ཞིག༽ ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་ངེད་རྣམས༌སྤངས། །ངེད་རྣམས་རྩ་ནས་གཏོར་ཅིང་ཐུགས་ཁྲོས༌སོ། །ད་ནི་ངེད་ཅག་ཡང་བསྐྱར་དར་བར༌མཛོད།། 2 ཁྱེད་ཀྱིས་ས་ནི་འགུལ་ཞིང་གས་པར༌མཛད། །ས་གཞི་འགུལ་བས་སྲུབས་ཀ་གསབ་པར༌མཛོད།། 3 ཁྱེད་ཀྱིས་ཉིད་ཀྱི་མི་སྡེ་སྡུག་ལ༌གཏད། །ཁྱར་ཁྱོར་བྱེད་པའི་རྒུན་ཆང་ང་ཚོར༌བླུད།། 4 བདེན་པའི་དོན་དུ་ཡར་ལ་འདེགས་པའི༌ཕྱིར། །ཁྱེད་ལ་གུས་ཤིང་འཇིགས་པར་དར་ཆ༌གནང༌།།༼ སེ༌ལཱ། ༽ 5 ཁྱེད་ཀྱིས་གཅེས་པའི་མི་རྣམས་ཐར་བའི༌ཕྱིར། །ཕྱག་གཡས་ང་རང་སྐྱོབ་ཅིང་བཀའ་ལན༌གནོངས།། 6 གནས་ཀྱི་མཆོག་ནས་དཀོན་མཆོག་འདི་སྐད༌གསུངས། །བདག་གིས་རྒྱལ་ཁ་དང་བཅས་སི་ཀེམ༌བགོ །སོའུ་ཀོད་ལུང་པའི་ཚད་ཀྱང་འཇལ་བར༌བྱ།། 7 གིལ་ཨད་དང་ནི་མཱ་ན་ཤེ་ངའི༌ཡིན། །ཨེ་ཕཱར་ཡིམ་ནི་བདག་གི་རྨོག་ཞྭ་ཡིན། །ཡ་ཧུ་དཱ་ནི་ང་ཡི་སྲིད་འཁར་ཡིན།། 8 མོ་ཨབ་བདག་གི་ཁྲུས་གཞོང་ཡིན་པ༌དང༌། །ཨེ་དོམ་ཕྱོགས་སུ་བདག་གིས་བསིལ་ལྷམ༌གཡུག ། *འདིར་བསིལ་ལྷམ་གཡུག་ཅེས་པ་ནི་ཡུལ་ཞིག་གི་བདག་དབང་བསྒྱུར་བའི་བྱ་སྤྱོད༌ཡིན། ། ཕེ་ལེ་ཤེད་པར་རྒྱལ་ཁའི་ཀི་སྒྲ༌སྒྲོག། 9 གྲོང་ཁྱེར་བརྟན་པོར༌ང་རང་སུ་ཡིས་བསྐྱལ། །ཨེ་དོམ་ཡུལ་དུ༌ང་རང་སུ་ཡིས་འཁྲིད།། 10 དཀོན་མཆོག་ཁྱེད་ཀྱིས་ངེད་རྣམས་མ་སྤངས༌སམ། །ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཉིད་ངེད་ཅག༌གི །དམག་དཔུང་མཉམ་དུ་གཤེགས་པ་མ་ཡིན༌ནམ།། 11 མི་ཡི་རོགས་སྐྱོར་ཕན་མེད་ཡིན་པས༌ན། །དགྲ་བོ་འགོག་ཕྱིར་ང་ཚོར་རོགས་རམ༌མཛོད།། 12 དཀོན་མཆོག་ཁོང་གིས་དགྲ་རྣམས་བརྫི་འོང༌བས། །ཁོང་ལ་བརྟེན་ནས་ང་ཚོས་དཔའ་རྩལ་ངོམ།།