གསུང་མགུར་བརྒྱ་དང་སོ་ལྔ༌པ།
བསྟོད་བསྔགས་བརྗོད་པའི་མགུར་མཆོག
ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌། །ཡ་ཝཱེའི་མཚན་ལ་བསྟོད་པར་གྱིས་ཤིག༌ཨང༌། །ཡ་ཝཱེའི་ཞབས་ཕྱི་རྣམས་ཀྱིས་ཁོང་ལ༌བསྟོད།། ཡ་ཝཱེའི་བཞུགས་གནས་ནང་དུ་འགྲེང་བ༌དང༌། །རང་རེའི་དཀོན་མཆོག་བཞུགས་གནས་ཁྱམས་ར༌རུ། །ཞབས་ཏོག་སྒྲུབ་པ་ཁྱོད་ཚོས་ཁོང་ལ༌བསྟོད།། ཡ་ཝཱེ་ལེགས་པོ་ཡིན་པས་ཁོང་ལ༌བསྟོད། །ཁོང་གི་མཚན་ལ་བསྟོད་དབྱངས་འབུལ་བར༌གྱིས། །ཅི་ལ་ཞེ་ན་དེ་ནི་ཡིད་དུ༌འོང༌།། ཡ་ཝཱེས་ཡ་ཀོབ་ཁོང་གི་ཕྱིར་དུ༌བདམས། །ཡེས་ར་ཨེལ་ནི་ནོར་སྐལ་དུ་བདམས༌སོ།། ཡ་ཝཱེ་ཆེན་པོ་ལགས་པ་ངས་ཤེས༌ཏེ། །རང་ཅག་གཙོ་བོ་ལྷ་ཚོགས་ཀུན་ལས༌འཕགས།། གནམ་དང་ས་དང་རྒྱ་མཚོའི་གཏིང་རིམ༌ནས། །ཡ་ཝཱེས་ཅི་ལ་དགྱེས་པ་དེ་བཞིན༌མཛད།། ཁོང་གིས་ས་མཐའ་རྣམས་ནས་སྤྲིན་པ༌སློང༌། །ཆར་ཆུ་མཉམ་དུ་གློག་དམར་འཁྱུག་པར༌མཛད། །ཁོང་གི་མཛོད་ནས་ལྷགས་རླུང་འདོན་པར༌བྱ།། ཨེ་ཅིབ་ཡུལ་གྱི་མི་ཕྱུགས་གང་ཡིན༌ཡང༌། །སྐྱེས་འགོ་ཐམས་ཅད་ཁོང་གིས་བསད་པ༌ལགས།། ཀྱེ་ཀྱེ་ཨེ་ཅིབ་ཁྱོད་ཀྱི་དཀྱིལ་དབུས༌སུ། །ཕཱར་ཨོལ་དང་ནི་འཁོར་གཡོག་རྣམས་ཀྱི༌སྟེང༌། །ཁོང་གིས་གྲུབ་རྟགས་ངོ་མཚར་དོན་རྣམས་མཛད།། 10 ཁོང་གིས་མི་རིགས་མང་པོར་བརྡེགས་པ༌དང༌། །རྒྱལ་པོ་དཔའ་ངར་ཅན་རྣམས་སྲོག་དང༌ཕྲལ།། 11 ཨེ་མོར་པ་ཡི་རྒྱལ་པོ་སི་ཧོན༌དང༌། །པཱ་ཤན་ཡུལ་གྱི་རྒྱལ་པོ་ཨོག་དང༌ནི། །ཀ་ན་ཨན་གྱི་རྒྱལ་པོ་ཐམས་ཅད༌དོ།། 12 ཁོང་གིས་དེ་ཚོའི་ཡུལ་རྣམས་རང་ཉིད༌ཀྱི། །འབངས་མི་ཡེས་ར་ཨེལ་ལ་ས་སྐལ༌གནང༌།། 13 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་མཚན་གཏན་དུ༌གནས། །ཡ་ཝཱེའི་དྲན་རྟེན་མི་རབས་ཀུན་ལ༌གནས།། 14 ཅི་ལ་ཞེ་ན་ཡ་ཝཱེས་རང་ཉིད༌ཀྱི། །འབངས་མི་ལ་ནི་དག་འབུད་མཛད་པ༌དང༌། །ཉིད་ཀྱི་ཞབས་ཕྱིར་སྙིང་རྗེ་གནང་ཕྱིར༌རོ།། 15 མི་རིགས་རྣམས་ཀྱི་ལྷ་སྐུ་གསེར་དངུལ༌ཡིན། །དེ་ནི་མི་ཡི་ལག་པས་བཟོས་པ༌དང༌།། 16 སྨྲ་སྒོ་ཡོད་ཀྱང་དེ་དག་གཏམ་མི་ལབ། །མིག་ནི་ཡོད་ཀྱང་དེ་རྣམས་མཐོང་བ་མིན།། 17 རྣ་བ་ཡོད་ཀྱང་དེ་རྣམས་ཐོས་མི་ཐུབ། །དེ་དག་ཁ་རུ་དབུགས་ཀྱང་ཡོད་མ༌ཡིན།། 18 ལྷ་སྐུ་བཟོ་མཁན་ལྷ་སྐུ་དང་མཚུངས༌ཤིང༌། །དེ་ལ་བརྟེན་པ་རྣམས་ཀྱང་དེ་བཞིན༌ནོ།། 19 ཡེས་ར་ཨེལ་ཁྱོད་ཡ་ཝཱེར་བསྟོད་པར༌གྱིས། །ཨ་རོན་ཁྱིམ་རྒྱུད་ཡ་ཝཱེར་བསྟོད་པར༌གྱིས།། 20 ལེ་ཝི་ཁྱིམ་རྒྱུད་ཡ་ཝཱེར་བསྟོད་པ༌ཕུལ། །ཀྱེ་ཀྱེ་ཡ་ཝཱེར་གུས་ཤིང་འཇིགས་པ༌རྣམས། །ཁྱོད་ཚོས་ཡ་ཝཱེར་བསྟོད་པ་འབུལ་བར༌གྱིས།། 21 ཡེ་རུ་སཱ་ལེམ་ནང་དུ་བཞུགས་པ༌ཡི། །ཡ་ཝཱེར་ཛ་ཡན་ཡུལ་ནས་བསྟོད་པར༌གྱིས། །ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌།།