གསུང་མགུར་བརྒྱ་དང་སོ་དྲུག༌པ།
བཀའ་དྲིན་དྲན་པའི་མགུར་མཆོག
1 ཡ་ཝཱེ་ལེགས་པས་ཁོང་ལ་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 2 ལྷ་རྣམས་དཀོན་མཆོག་ལ་ནི་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 3 གཙོ་བོ་རྣམས་ཀྱི་གཙོ་བོར་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 4 ཁོང་ཉིད་གཅིག་པུས་ངོ་མཚར་རྣམས་ནི༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 5 གང་གི་ཤེས་རབ་ཀྱིས་ནི་གནམ་རྣམས༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 6 ཆུ་རྣམས་སྟེང་དུ་ས་གཞི་འདིང་བར༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 7 འོད་ཟེར་ཆེན་པོ་རྣམས་ཀྱང་ཁོང་གིས༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 8 ཉིན་མོ་དབང་དུ་བསྒྱུར་བར་ཉི་མ༌བཀོད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 9 མཚན་མོར་དབང་བྱེད་ཟླ་བ་སྐར་མ༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 10 གང་གིས་ཨེ་ཅིབ་སྐྱེས་འགོ་ཐམས་ཅད༌བསད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 11 དེ་ཚོའི་ཁྲོད་ནས་ཡེས་ར་ཨེལ་པ༌བཏོན། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 12 མཐུ་ལྡན་ཕྱག་དང་བརྐྱངས་པའི་དཔུང་པ༌ཡིས། །དེ་རྣམས་ཕྱི་རུ་ཁྲིད་ནས་ཐོན་པ༌ཡིན། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 13 རྒྱ་མཚོ་དམར་པོ་ཁག་ནི་གཉིས་སུ༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 14 ཡེས་ར་ཨེལ་པ་མཚོ་ཡི་དཀྱིལ་ནས༌དྲངས། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 15 ཕཱར་ཨོལ་དང་ནི་ཁོ་ཡི་དམག་དཔུང༌ནི། །རྒྱ་མཚོ་དམར་པོའི་ནང་དུ་བསྐྱུར་བར༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 16 ཉིད་ཀྱི་མི་སྡེ་དབེན་སྟོང་ལམ་ནས༌དྲངས། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 17 གང་གིས་རྒྱལ་པོ་ཆེན་པོ་རྣམས་ལ༌བརྡུངས། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 18 དཔའ་ངར་ཆེ་བའི་རྒྱལ་པོ་རྣམས་ཀྱང༌བསད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 19 ཨེ་མོར་པ་ཡི་རྒྱལ་པོ་སི་ཧོན༌བསད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 20 པཱ་ཤན་ཡུལ་གྱི་རྒྱལ་པོ་ཨོག་ཀྱང༌བསད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 21 ཁོང་གིས་དེ་ཚོའི་ཡུལ་རྣམས་རང་ཉིད༌ཀྱི། །འབངས་མི་ལ་ནི་ས་སྐལ་དུ་གནང༌ངོ༌། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 22 དེ་ཚོའི་ཡུལ་རྣམས་ཉིད་ཀྱི་ཞབས་ཕྱི༌སྟེ། །ཡེས་ར་ཨེལ་ལ་ནོར་སྐལ་དུ་གནང༌ངོ༌། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 23 ཉམ་ཐག་གནས་སུ་རང་ཅག་ཁོང་གིས༌དྲན། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 24 རང་ཅག་དགྲ་བོ་རྣམས་ལས་སྐྱོབ་པར༌མཛད། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 25 ལུས་ཅན་ཀུན་ལ་ཁོང་གིས་ཁ་ཟས༌སྩོལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 26 ནམ་མཁའི་དཀོན་མཆོག་ཁོང་ལ་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།།